- bod kyi yi ge
- ID:
- T237737
- བོད་ཀྱི་ཡི་གེ (Tibetan, Tibetan script, Original)
- > bod kyi yi ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > bö kyi yigé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེང་སང་བེད་སྤྱོད་བྱེད་བཞིན་ཡོད་པའི་བོད་ཡིག་འདི་མ་བྱུང་གོང་གི་ལོ་ཆིག་སྟོང་སུམ་རྒྱའི་སྔོན་ལ་སྟག་གཟིག་གི་སྤུངས་ཡིག་ཟེར་བའི་ཡི་གེ་ཞིག་མངའ་རིས་ཞང་ཞུང་གི་ལུང་པར་བྱུང་ཞིང་། དེ་བཞིན་ཧ་ཅང་སྟབས་བདེ་བའི་ཡི་གེ་ཞིག་ཡིན་པ་དེའི་ཡིག་གཟུགས་རིམ་གྱིས་དབུ་ཅན་གྱི་ཡི་གེར་འགྱུར་ཞིང་། དབུ་ཅན་གྱི་ཡི་གེ་རྣམས་མགྱོགས་པོར་བྲིས་པས་དབུ་མེད་ཀྱི་ཡིག་གཟུགས་བྱུང་བ་ཡིན་ཟེར་སྲོག་ཡོད། དུས་རབས་བདུན་པའི་དཀྱིལ་དུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་སྲིད་དབང་བཟུང་སྐབས་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་དང་། དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། ཐང་རྒྱལ་རབས་དང་། བལ་པོ། རྒྱ་གར། ཏཱ་སིག་སོགས་རྒྱལ་ཁབ་དང་མཚའ་གྲོགས་ཀྱི་འབྲེལ་བ་བྱུང་བར་བརྟེན། མི་རིགས་གཞན་དག་གི་རིག་གཞུང་དང་ཐོན་སྐྱེད་ཉམས་མྱོང་སློབ་སྦྱོང་དང་རང་ཉིད་ཀྱི་ཉམས་མྱོང་དང་རིག་གཞུང་སྤེལ་རེས་བྱེད་རྒྱུའི་ཐད་ཡི་གེ་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཁག་རྣམས་ཕན་ཚུན་མཛའ་གྲོགས་དང་འགྲོ་འོང་གི་འབྲེལ་བ་བྱེད་རྒྱུར་ཧ་ཅང་སྟབས་བདེ་ཡོད་པ་དང་། བོད་ནི་རིགས་རང་ཉིད་ལ་ཡི་གེ་མེད་སྟབས་མི་རིགས་རང་ཉིད་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གཞུང་བཅས་འཕེལ་རྒྱས་གཏོང་རྒྱུ་དང་། མི་རིགས་གཞན་དག་ཚོ་དང་ཕན་ཚུན་ཐོན་སྐྱེད་དང་རིག་གཞུང་གི་ཉམས་མྱོང་སྤེལ་རེས་བྱེད་རྒྱུར་ཧ་ཅང་སྟབས་བདེ་པོ་མེད་པའི་གནས་ཚུལ་མཐོང་ནས། ཐོག་མར་བོད་རིགས་ཀྱི་བུ་ཕྲུག་རིག་པ་གསལ་བ་མི་བཅུ་དྲུག་ལ་གསེར་སོགས་དངོས་པོ་མང་པོ་བསྐུར་ནས་རྒྱ་གར་དུ་རིག་གཞུང་སློབ་སྦྱོང་བྱེད་པར་བཏང་ཡང་མང་ཆེ་བ་ཚད་པ་མ་ཐུབ་ནས་ཤི་སྐྱོན་བྱུང་། ལྷག་འཕྲོས་རྣམས་རྒྱ་གར་སྐད་སློབ་སྦྱོང་བྱེད་མ་ཐུབ་པར་ཕྱིར་ལོག་བྱ་དགོས་བྱུང་ཞིང་། ད་དུང་རྒྱལ་པོ་སྲོང་བཙན་སྒམ་པོས་སེམས་ཤུགས་མ་ཆག་པར་རང་ཉིད་ཀྱི་བློན་པོ་གཉལ་བ་ཐོན་མི་སྣང་གྲགས་ཟེར་བའི་བུ་ཨ་ནུ་ལ(སམ་བྷོ་ཊ)གསེར་ཕོན་ཆེན་པོ་བསྐུར་ནས་རྒྱ་གར་དུ་ཡི་གེ་དང་རིག་གནས་སློབ་སྦྱོང་བྱེད་པར་བཏང་། སྐབས་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ལི་བྱིན་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་སོགས་མཁས་པ་མང་པོ་བསྟེན་ནས་རྒྱ་གར་ཡི་གེ་སོ་སོའི་སྒྲ་རིག་པ་ཡང་མཐར་ཕྱིན་པ་སློབ་སྦྱོང་བྱས་ནས་བོད་དུ་ལོག་རྗེས་སྐབས་དེའི་བོད་ཀྱི་སྐད་ལ་ཞིབ་འཇུག་བྱས་ཐོག སྔར་བོད་ཡིག་རྙིང་དེར་ཆ་མ་ཚང་བའི་རིགས་གསར་དུ་བསྣན། རྒྱ་གར་གྱི་ཡི་གེ་དང་ཁ་ཆེའི་ཡི་གེ་སོགས་སྐད་ཡིག་སྒྲ་སྦྱོར་བྱེད་སྟངས་ཀྱི་ཉམས་མྱོང་ནང་ནས་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པོ་ཡོད་པའ་དེ་རྣམས་ཀྱི་ལེགས་ཆ་བློངས་ཏེ་ཡིག་གཟུགས་དང་སྐད་ཀྱི་སྒྲ་སྦྱོར་ཡི་གེའི་འགྲོ་ལུགས་ཐོག་མར་བཟོས་ཤིང་། སྒྲི་སྦྱོར་ཡི་གེ་དེ་དང་བསྟུན་ནས་སྒྲ་རིག་པའི་བསྟན་བཅོས《སུམ་ཅུ་པ》དང《རྟགས་འཇུག》སོགས་བརྒྱུད་བརྩམས། དེ་ནས་བཟུང་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་སྔར་ལས་ལྷག་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། མི་རིགས་རང་གི་སྐད་དང་མཐུན་པའི་སྒྲ་སྦྱོར་ཡི་གེ་བྱུང་བ་དེས་མི་རིགས་གཞན་དག་གི་ཐོན་སྐྱེད་ལག་རྩལ་དང་རིག་གཞུང་སློབ་སྦྱོང་བྱེད་རྒྱུའི་ཐད་ལ་ཡང་སྔར་ལས་ལྷག་པར་གོང་འཕེལ་བྱུང་ཡོད། དེ་ནས་བཟུང་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་རྒྱ་ཡིག་དང་རྒྱ་སྐད་སློབ་སྦྱོང་བྱེད་པར་འགྲོ་མཁན་རྒྱུན་མི་ཆད་པ་ཡོད་པ་དང་། བོད་ཀྱི་རྒྱལ་པོའི་བློན་པོའི་ཁྲོད་ལ་ཡང་རྒྱ་ཡིག་རྒྱ་སྐད་གཉིས་ཀ་ཤེས་མཁན་མང་པོ་བྱུང་བ་དེ་ཚོས་ལོ་ལྟར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་འཚམས་འདྲི་ཞུ་བར་འགྲོ་གི་ཡོད། དེ་བཞིན་ཐང་རྒྱལ་རབས་ཀྱི་དུས་སྐད་གྲགས་ཆེ་བའི་བློན་པོ་འགའ་ཞིག་གི་བུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་བྱས་ཤིང་། སྐད་གྲགས་ཆེ་བའི་ཧ་ཤང་དང་སྨན་པ་མཁས་པ་མང་པོ་བོད་དུ་ཡོང་ནས་གཞིས་ཆགས་ཏེ་རྒྱ་བོད་ཀྱི་ཡི་གེ་གཉིས་ཀ་ཤེས་མཁན་གྱི་ལོ་ཙཱ་བ་དང་སྨན་པ་ཁག་གཅིག་བྱུང་དེ་ཚོས་རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་དང་སྨན་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ་དང་། རྒྱ་བོད་ཀྱི་ཡི་གེ་གཉིས་ཀ་ཤེས་མཁན་གི་བོད་རིགས་ལོ་ཙཱ་བ་མཁས་པ་མང་པོ་བྱུང་བ་དེ་ཚོས་ཀྱང་རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་དང་། གནམ་ཡིག རྩིས་གཞུང་སོགས་བོད་ཡི་ཐོག་བསྒྱུར་བ་བཅས་ཕན་ཐོག་ཆེན་པོ་བྱུང་ཡོད། བོད་ཡིག་གི་ཡིག་གཟུགས་ཐད་ཐོན་མུ་སམ་བྷོ་ཊ་རང་ཉིད་ཀྱིས་བཟོས་པའི་ཡིག་གཟུགས་རྣམས་རིམ་གྱིས་འགྱུར་བ་བྱུང་ནས་གཅིག་གྱུར་མེད་སྟབས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཡིག་མཁན་མཁས་པ་ཁྱུང་པོ་གཡུ་ཁྲི་དང་། ལོ་ཙཱ་བ་ལྡན་མ་རྩེ་མང་གཉིས་ཀྱིས་དབུ་ཅན་དང་དབུ་མེད་གཉིས་ཀར་ཐིག་ཚད་བཟོས་ཤིང་། ཁོང་གཉིས་ཀྱིས་བཟོས་པའི་ཐིག་ཚད་ལྟར་བྲིས་པའི་ཡིག་གཟུགས་ཕྲན་བུ་མི་འདྲ་བ་ཡོད་སྟབས། ཁྱུང་པོའི་ལུགས་དེར་ལི་ལུགས་དང་། ལྡན་མ་རྩེ་མང་གི་ལུགས་དེ་ལ་ལྡན་ལུགས་ཟེར། ཐིག་ཚད་བཟོས་པ་ནས་བཟུང་ཡིག་གཟུགས་ཐད་རྩ་བའི་ཆ་ནས་གཅིག་གྱུར་བྱུང་སྟེ། ད་ལྟའང་ཐིག་ཚད་དེ་གཞིར་བཟུང་ནས་བྲིས་པའི་ཡི་གེ་དང་། ཐིག་དཔེ་གཉིས་ཀ་མཐོང་རྒྱུ་ཡོད་པ་དེ་ཚོ་ཡིག་གཟུགས་ཧ་ཅང་ཡག་པོ་ཡོད། བོད་ཡིག་གི་བརྡ་སྤྲོད་རིག་པའི་ཐད་རྩ་བའི་བརྡ་སྤྲོད་རིག་པ་རྣམས་ད་ལྟའི་བར་བེད་སྤྱོད་བྱེད་མུས་དང་མིང་ཚིག་དང་ཐ་སྙད་འགའ་ཞིག་གི་དག་ཆའི་ཐད་བཅོས་བསྒྱུར་ཐེངས་གསུམ་བྱུང་ཡོད། ཐེངས་དང་པ་ནི། དུས་རབས་བརྒྱུད་པའི་འགོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན། ཞང་ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱིས་རྒྱ་གར་སྐད་ནས་བོད་ཡིག་ཐོག་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་མང་པོ་བསྒྱུར་སྐབས། དེ་སྔོན་སྲོང་བཙན་སྒམ་པོའི་དུས་སུ་བསྒྱུར་བའི་མིང་ཚིག་དང་ཐ་སྙད་འགའ་ཞིག་ལ་འགྱུར་བ་བྱུང་ཡོད་པའི་གནས་ཚུལ་དངོས་དང་བསྟུན་ནས་བཅོས་བསྒྱུར་བྱས་པ་དང་། ཐེངས་གཉིས་པ་ནི། དུས་རབས་དགུ་པའི་དཀྱིལ་ལ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྲིད་དབང་བཟུང་སྐབས་སླར་ཡང་ཡི་གེའི་རྗེས་འཇུག་དང་སྔོན་འཇུག་སོགས་ཁག་གཅིག་སྐབས་དེའི་མི་དགོས་པ་བཟོས་པ་དང་མིང་ཚིག་རྙིང་པ་ཁག་གཅིག་སྐབས་དེའི་བོད་སྐད་དང་བསྟུན་ནས་བསྒྱུར་བཅོས་བྱས་པ། ཐེངས་གསུམ་པ་ནི། དུས་རབས་བཅུ་པའི་མཇུག་ཏུ་བོད་དུ་སངས་རྒྱས་ཆོས་ལུགས་སླར་ཡང་བསྐྱར་གསོ་བྱུང་སྐབས་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྲིད་དབང་བཟུང་ཞིང་། ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་མང་པོ་རྒྱ་གར་ནས་བོད་སྐད་དུ་བསྒྱུར་དུས་སླར་ཡང་མིང་ཚིག་དང་ཐ་སྙད་ཁག་གཅིག་ལ་འགྱུར་བ་བྱུང་བ་རྣམས་སྐབས་དེའི་སྐད་དང་བསྟུན་ནས་བཅོས་བསྒྱུར་བྱས་ཤིང་། དེ་ནས་བཟུང་ད་བར་གཞི་རྩའི་ཐོག་བཀས་བཅད་བཅོས་བསྒྱུར་ཐེངས་གསུམ་པ་ལྟར་གནས་ཡོད། མདོར་བསྡུས་ན། དུས་རབས་བདུན་པའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་སྒྲ་སྦྱོར་ཡི་གེ་འདི་གསར་གཏོད་བྱས་པ་ནས་བཟུང་ད་བར་ལོ་ཆིག་སྟོང་སུམ་བརྒྱ་སུམ་ཅུ་སོ་བརྒྱད་ཙམ་སོང་ཡོད་རུང་། བོད་ཡིག་རྙིང་པ་རྣམས་བོད་ཡིག་གི་ཆུ་ཚད་ཅུང་ཟད་མཐོ་ཙམ་ཡོད་པ་ཚོས་ཀློག་ཤེས་པ་མ་ཟད། ནང་དོན་རྣམས་བརྒྱ་ཆ་བརྒྱད་ཅུ་ཙམ་གསལ་པོར་ཤེས་ཐུབ་གི་ཡོད་པ། དཔེར་ན། རྡོ་རིང་ཐོག་བཀོད་པའི་བོད་ཡིག་སྔ་ཤོས་གྲས་ལྷ་ས་པོ་ཏ་ལའི་མདུན་གྱི་རྡོ་རིང་ཕྱི་མ་དེ་དུས་རབས་བརྒྱད་པའི་དཀྱིལ་དུ་བཙུགས་པ་ཞིག་ཡིན་པས་ད་བར་ལོ་ཆིག་སྟོང་བརྒྱ་དང་བདུན་ཅུ་ལྷག་ཙམ་སོང་ཡོད་ཀྱང་། དེའི་ཐོག་བཀོད་པའི་བོད་ཡིག་རྣམས་ཚང་མ་ཀློག་ཐུབ་པའི་ཐོག་ནང་དོན་ཡང་ཚང་མ་གོ་ཐུབ་པ་ལྟ་བུ་རེད། གཞན་ཡང་ད་ལྟ་རང་རེས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་འདིརཁྱད་ཆོས་དྲུག་ལྡན་ཡོད་ཅིང་། ཁྱད་ཆོས་དང་པོ་ནི། བོད་ཡིག་འདི་སྦྱོར་ཀློག་གི་ཡི་གེ་ཡིན་པས་ཤེས་མགྱོགས་པ། ཡི་གེ་དབྱངས་གསལ་སྦྱར་ནས་རྩ་བའི་ཡིག་གཟུགས་མི་འདྲ་བ་བཞི་བཅུ་ཞེ་གཅིག་དེ་དག་མགོ་ཅན་དང་། འདོགས་ཅན་སོགས་སོ་སོར་བགྲང་ཀྱང་དབྱངས༤ གསལ་བྱེད༣༠ འདོགས་ཅན༣༦ མགོ་ཅན༣༥ མགོ་ཚེག་ཤད་གསུམ་བཅས་བསྡོམས་པའི་གྲངས་༡༠༨ལས་མེད། གོང་གསལ་ཡིག་གཟུགས་ངོ་གྲངས༤༡དེ་ལེགས་པར་འབྲི་ཤེས་ན་བོད་ཡིག་གི་ཡིག་གཟུགས་བརྒྱ་ཆ་དགུ་བཅུ་འབྲི་ཤེས་པ་དང་གོ་ཆོད་པ་ཡིན་པས་རྒྱ་ཡིག་སྦྱོང་སྟངས་ལྟར་ཡི་གེའི་གཟུགས་མི་འདྲ་བ་དང་དེ་རེ་རེ་ལ་སྒྲ་མི་འདྲ་བ་རེ་བྱས་ཏེ་སྟོང་ཕྲག་ལྔ་ཙམ་སྦྱོང་དགོས་པ་དང་མི་འདྲ་བས་ཤེས་མགྱོགས་པ་ཡིན། བོད་ཡིག་ཐོག་རྒྱུན་སྤྱོད་ཡི་གེའི་ཁ་གྲངས་ནི། སྔོན་དུས་ད་དྲག་དང་འ་རྟེན་སོགས་ཡོད་པས་རྒྱུན་སྤྱོད་ཡི་གེ་སྟོང་ཕྲག་བརྒྱད་ཙམ་ཡོད་ཀྱང་སྐད་གསར་བཅད་བྱུང་རྗེས་ཡི་གེ་སྟབས་བདེ་རུ་བཏང་བར་བརྟེན་དེང་སང་རྒྱུན་སྤྱོད་ཡི་གེའི་ཁ་གྲངས(སྒྲ་ཚབ་ཡི་གེ་ཕུད)ལྔ་སྟོང་ཙམ་ཡོད། དེ་ནི་བོད་ཡིག་ཐོག་ཡིག་གཟུགས་འབྲི་རྒྱུ་ཡོད་ཚད་ཀྱི་ཁ་གྲངས་ཡིན། ཡིག་གཟུགས་སྟོང་ཕྲག་ལྔ་པོ་དེ་ཟུར་དུ་སློབ་སྦྱོང་བྱེད་མི་དགོས་པར་རྩ་བའི་རྒྱུན་སྤྱོད་ཡིག་གཟུགས་བཞི་བཅུ་ཞེ་གཅིག་དེ་སྦྱངས་གོམས་ཐོན་པར་འབྲི་ཤེས་ན་ཤེས་ཚར་བ་ཡིན། ཁྱད་ཆོས་གཉིས་པ་ནི། བོད་ཡིག་འདི་སྒྲ་སྦྱོར་ཡི་གེ་ཡིན་པས་འདྲ་གཟུགས་ཡི་གེ་དང་མི་འདྲ་བར་སྒྲ་སྦྱོར་ཚད་ལྡན་གྱི་ཁ་གྲངས་ཉུང་བ་སྟེ་གོང་དུ་བཤད་པ་ལྟར་ཡིག་གཟུགས་གྲངས་བཞི་བཅུ་ཞེ་གཅིག་གི་ཐོག སྔོན་འཇུག་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས་བཅས་ཀྱི་སྒྲ་ཀློག་སྟངས་བསྣན་ན(དེང་སང་སྔོན་འཇུག་དང་ཡང་འཇུག་ཡོད་པའི་སྒྲ་གསལ་པོར་མི་ཐོན་པ)སྒྲ་ཀློག་སྟངས་མི་འདྲ་བ་ལྔ་བཅུ་ང་བརྒྱད་ལས་མེད་པས་སྒྲའི་འགྱུར་བ་མང་བ་རྒྱ་ཡིག་དང་མི་འདྲ་བར་སྤྱིར་བཏང་སྒྲ་མཐོ་དམན་མཉམ་ཞན་བཞི་ཡི་བརྗོད་པ་སྒྲ་དག་པོར་ཀློག་ཤེས་ན་འགྲིག་ཅིང་། མི་རིགས་གཞན་གྱི་སྐད་བོད་སྐད་ཐོག་ནས་བྲིས་དམིགས་གསལ་གྱི་སྒྲ་རེ་ཟུང་མ་གཏོགས་མང་ཆེ་བ་བོད་ཡིག་རང་གི་ཐོག་ནང་སྒྲ་སྦྱོར་འབྲི་ཐུབ་པ་ཡིན་པས། སྔོན་དུས་རྒྱ་ནག་དང་། རྒྱ་གར། ཁ་ཆེ། སོག་པོ། ཡུ་གུར། ཏཱ་སིག་སོགས་ཀྱི་སྐད་བོད་ཡིག་ཐོག་བྲིས་པ་རྣམས་སྐབས་དེའི་ཡུལ་སྐད་དང་ཏག་ཏག་མཐུན་པ་ཡོད། རྒྱ་ཡིག་ཐོག་ནས་བྲིས་ན་སྒྲ་སྦྱོར་ཇི་མ་ཇི་བཞིན་ཐོན་ཐུབ་ཀྱི་མེད་པ་དཔེར་ན་ལྷ་ས་ལ་བླ་ས་དང་འབྲས་སྤུངས་ལ་ཀྲེ་པང་། པཱ་རི་སི་ལ་པ་ལི། ཤྲིལངྐ་ལ་སི་ལི་ལན་ཁ་ཟེར་བ་ལྟ་བུ་ཡིན། ཁྱད་ཆོས་གསུམ་པ་ནི། བོད་ཡིག་ལ་རང་གི་སྐད་དང་མཐུན་པའི་བརྡ་སྤྲོད་རིག་པ་ཆ་ཚང་ཙམ་ཡོད་པ་སྟེ། བོད་ཡིག་ལ་ཡི་གེ་འཇུག་པའི་གནས་བརྒྱད་དང་། དབྱངས་གསལ། སྔོན་འཇུག་འཇུག་པ་བཞི། རྗེས་འཇུག་གི་འཇུག་པ་བཞི། ཕྲད་རང་དབང་ཅན་དང་། གཞན་དབང་ཅན། དངོས་པོ་བདག་གཞན། དུས་གསུམ་སོགས་ཀྱི་རྩ་བའི་རིག་པ་གཞུང་ལུགས་ཡོད་པ་མ་ཟད། བརྡ་སྤྲོད་རིག་པའི་རྩ་བ་ཡི་གེ་འཇུག་པའི་གནས་བརྒྱད་ནི། དུས་རབས་བརྒྱད་པའི་འགོར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་ཙཱ་བ་ལྕི་ཁྱི་འབྲུག་གིས་བརྩམས་པ་དང་། སུམ་རྟགས་ནི་བོད་ཀྱི་མཁས་པ་མང་ཆེ་བས་དུས་རབས་བདུན་པའི་འགོར་ཐོན་མི་སམ་བྷོ་ཊས་བརྩམས་པར་བཞེད་ཅིང་། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་ནི་བོད་སིལ་བུའི་དུས་རབས་སུ་བོད་ཀྱི་ལོ་ཙཱ་བ་སྒྲ་དང་རིག་གནས་ལ་མཁས་པ་ཞིག་གིས་བརྩམས་ནས་ཐོན་མིའི་མིང་མཚན་བྱང་བཀོད་པ་ཞིག་རེད་ཅེས་གསུངས། གང་ལྟར་བོད་སྐད་རང་གི་ཁྱད་ཆོས་དང་མཐུན་པའི་བརྡ་སྤྲོད་རིག་པའི་གཞུང་ཆ་ཚང་ཡོད་ཐོག དེང་དུས་མཁས་དབང་མང་པོས་ཁ་སྐོང་དང་གསལ་བཤད་མཛད་ནས་སྔར་ལས་ཕུན་སུམ་ཚོགས་སུ་སོང་ཡོད། ཁྱད་ཆོས་བཞི་པ་ནི། རིག་གནས་ཆེ་ཆུང་ཡི་ནང་ནས་ཐོན་པའི་མིང་མཛོད་དང་ཚིག་མཛོད་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དེང་རབས་ཀྱི་ཐ་སྙད་གསར་པ་རྣམས་ཕྱོགས་བསྒྲིགས་བྱས་པའི་ཚིག་མཛོད་གསར་པ་རྩོམ་བསྒྲིགས་ཟིན་པའི་ནང་མིང་ཚིག་ཁྲི་དྲུག་ལྷག་ཙམ་བསྡུས་ཡོད་པ་དང་། ད་དུང་ཆེད་ལས་ཚན་པ་ཁག་སོ་སོས་འབྲེལ་ཡོད་ཀྱི་དམིགས་གསལ་གྱི་མིང་ཚིག་བོད་ཡིག་ཐོག་ཕབ་བསྒྱུར་བྱས་ཟིན་པའི་གྲས། ཨང་རྩིས། རྫས་འགྱུར། ཞིང་ལས། གསོ་རིག གནམ་གཤིས། ས་གཤིས། ཁྲིམས་ལུགསབཅས་ཡོད་ཅིང་། དེ་ཚོ་ཚང་མ་ཡང་བོད་ཡིག་གི་རྩ་བའི་རྒྱུན་སྤྱོད་ཡིག་གཟུགས་བཞི་བཅུ་ཞེ་གཅིག་པོ་དེ་རང་གཞིར་བྱས་ནས་མིང་ཚིག་གསར་པ་བཟོས་པ་ཞིག་ཡིན་པ་ལས། མིང་ཚིག་གསར་པ་རེ་ཐོན་དུས་ཡིག་གཟུགས་གསར་པ་བཟོ་དགོས་པའི་དཀའ་ངལ་གཏན་ནས་མེད། ཁྱད་ཆོས་ལྔ་པ་ནི། བོད་ཡིག་ཐོག་བསྒྱུར་བའི་རིག་གནས་དང་ནང་པའི་ཆོས་ཀྱི་གོ་དོན་རྣམས་མི་རིགས་གཞན་གྱི་ཡི་གེ་ནས་ཚུར་བསྒྱུར་སྐབས་སྒྲ་བསྒྱུར་དོན་བསྒྱུར་གང་བྱས་ཀྱང་ཁུངས་དག་པོ་ཡོང་གི་ཡོད་པ་སྟེ། དུས་རབས་བརྒྱད་པའི་དཀྱིལ་ནས་བཟུང་བོད་ལ་ནང་པའི་ཆོས་དང་རིག་གནས་རྣམས་བོད་ཀྱི་སྐད་དུ་བསྒྱུར་བའི་འགོ་ཚུགས་པ་ནས་དུས་རབས་བཅོ་བརྒྱད་པའི་འགོ་བར་ལོ་ཙཱ་བ་སུམ་བརྒྱ་ལྷག་ཙམ་བྱུང་བ་རྣམས་ཀྱི་དང་པོར་བོད་རང་གི་སྐད་ཡིག་ལ་སྦྱང་པ་མཐར་ཕྱིན་པ་གནང་ནས་བསྒྱུར་བྱའི་མི་རིགས་གཞན་གྱི་སྐད་ཡིག་གི་གོ་དོན་མ་ནོར་བར་མཁྱེན་རྟོགས་བྱུང་བ་ཞིག་ཡིན་པས། བོད་ཡིག་ནི་མི་རིགས་གཞན་གྱི་རིག་གནས་སློབ་སྦྱོང་བྱེད་པར་རྨང་གཞི་འདིང་རྒྱུར་ཕན་འབྲས་ཆེན་པོ་ཡོད་པ་ར་འཕྲོད་བྱུང་ཡོད་པ་མ་ཟད། ནང་པའི་ཆོས་དང་རིག་གནས་སྐོར་མི་རིགས་གཞན་གྱི་སྐད་ནས་རྒྱ་ཡིག་གི་ཐོག་བསྒྱུར་བ་དང་བོད་ཡིག་ཐོག་བསྒྱུར་བ་གཉིས་གོ་དོན་ཤེ་དཀའ་སླའི་ཁྱད་པར་ཆེན་པོ་ཡོད་པ་རྒྱ་ཡི་མཁས་དབང་མང་པོ་ཞིག་གི་ཞལ་ནས་ཐོས་པ་མ་ཟད། རི་པིན་དང་། དབྱི་ཏཱ་ལི། འཇར་མན། ཨུ་རུ་སུ་སོགས་ཀྱི་མཁས་པ་མང་པོས་རྒྱ་ཡིག་ཐོག་བསྒྱུར་བའི་ནང་པའི་ཆོས་ལ་ཞིབ་འཇུག་གནང་སྐབས། བོད་ཡིག་གི་ཆོས་དཔེ་དང་ཞིབ་བསྡུར་གནང་ན་གྲུབ་འབྲས་ལེགས་པོ་ཡོང་གི་ཡོད་ལུགས་གསུང་འདུག་པའ་དེ་ནི་ཉམས་མྱོང་རྩ་འགངས་ཆེན་པོ་ཞིག་རེད། ཁྱད་ཆོས་དྲུག་པ་ནི། མདོ་དབུས་ཁམས་གསུམ་དུ་ཁྱབ་ཆེ་བའི་གཅུག་གྱུར་ཡིན་པི་སྟེ། བོད་སྐད་ལ་རིགས་མི་འདྲ་བ་གསུམ་སྟེ། དབུས་གཙང་། ཨ་མདོ། ཁམས་བཅས་རིགས་མི་འདྲ་བ་ཕན་ཚུན་གོ་བརྡ་འཕྲོད་དཀའ་ཙམ་ཡོད་ཀྱང་བོད་ཡིག་ཐོག་བྲིས་པའི་ཆོས་དཔེ་དང་ཡིག་ཆ་གང་ཡིན་ཚང་མས་གོ་བརྡ་འཕྲོད་ཐུབ་ཀྱི་ཡོད་པ་མ་ཟད། བཙན་པོའི་དུས་སྐབས་སུ་བྲིས་པའི་རྡོ་རིང་གི་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ཡི་གེ་བཅས་བོད་ཡིག་གི་ཆུ་ཚད་མཐོ་ཙམ་ཡོད་པ་ཞིག་གིས་བལྟས་ན་བརྒྱ་ཆ་བརྒྱད་ཅུ་ཀློག་ཤེས་པ་དང་གོ་བ་ལོན་ཐུབ་ཀྱི་ཡོད་པས་དེ་ཡི་ཐོག་ནས་དུས་ཡུན་རིང་པོའི་བར་སྐད་ཡིག་གཅིག་གྱུར་དུ་གནས་ཐུབ་པའི་ཁྱད་ཆོས་ཡོན་པ་ཞིག་རེད། དེ་ལས་ལྡོག་ཏེ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལྟར་ཡི་གེ་བྲིས་ན་དུས་ཡུན་རིང་པོ་མ་སོང་བར་བོད་ཡོངས་ཀྱི་གཅིག་གྱུར་ཡི་གེ་བརླག་ཉེན་ཡོད། ད་ལྟ་དབུས་མདོ་ཁམས་གསུམ་མཁས་པ་ཚང་མས་བོད་ཀྱི་སྐད་ཡིག་གཅིག་གྱུར་གྱི་འགྲོ་ལམ་ནི་སྐད་ཀྱི་སྒྲ་གདངས་དེ་ལྷ་སའི་སྐད་ཀྱི་རྨང་གཞི་བྱས་ཐོག་མིང་དང་ཚིག་ལ་སོགས་པའི་ཐ་སྙད་དང་ཚིག་སྒྲུབ་རྣམས་དབུས་མདོ་ཁམས་ཀྱི་སྐད་ནས་ལེགས་ཆ་བླངས་པའི་གཅིག་གྱུར་གྱི་སྐད་ཅིག་འཕེལ་རྒྱས་གཏོང་དགོས་པ་དེ་ཡིན་པར་ངོས་འཛིན་གནང་གི་ཡོད། དེར་བརྟེན་ལྷ་སའི་སྐད་གྱི་སྒྲ་གདངས་དེ་ཚང་མས་ཡག་པོ་སྦྱོང་དགོས།
- language:
- Tibetan
2. Thupten Phuntsok Dictionary
དབྱངས་བཞི་དང་། གསལ་བྱེད་སུམ་ཅུ། མགོ་ཏིག་ཤད་གསུམ། འཕུལ་འདོགས་བརྩེགས་གསུམ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡི་གེ་ཞིག་སྟེ། ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ལ་ཉེ་བའི་དུས་ཙམ་ན་བྱུང་ཡོད་པར་ངེས།
- language:
- Tibetan