Skip to main content Skip to search
bod mi'i nye rabs kyi rgyan gos
ID:
T237757
  • བོད་མིའི་ཉེ་རབས་ཀྱི་རྒྱན་གོས (Tibetan, Tibetan script, Original)
    • > bod mi'i nye rabs kyi rgyan gos (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö mi nyé rab kyi gyen gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་གཙོ་བོ་བོད་ཀྱི་ལྡེ་བ་ལྷ་སའི་བུད་མེད་ཚོའི་ཉེ་རབས་ཀྱི་གྱོན་ཆས་ནི་བོད་མི་གཞན་དང་འདྲ་བར་ཕྱུ་པ་གྱོན་པར་བྱེད། དེ་ཡང་གོས་ཆེན་དང། ཐེར་མ། རས། སྣམ་བུ་སོགས་ཀྱིས་བཟོས་ཏེ་སྟོན་དཔྱིད་གཉིས་ལ་ཕུ་ཡོད་པ་དང་། དབྱར་ཁ་ཕུ་མེད། དགུན་དུས་སུ་པགས་ཚགས་བཅས་གྱོན། རྐང་ལྷམ་ནི་ཟོམ་པ་དང་འཇུར་རྟ་རང་འདོད་ལྟར་བྱེད། ཆུང་དུས་ནས་སྐྲ་ལ་ལྕང་ལོ་རྒྱག་པ་དང་། བུ་མོས་ལྕང་ལོའི་ཐོག་ལྷག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས། མི་དྲག་ཆེ་གྲས་ཀྱི་བུ་མོ་རྣམས་ལྷག་འཛར་གྱི་སྟོད་དུ་གའུ་རྒྱག་པ་དང་། རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་དཔལ་འབྱོར་འཁོས་བབ་ལ་དཔག་པའི་རིན་ཆེའི་རྣ་རྒྱན་འདྲ་མིན་འདོགས་པར་བྱེད། བུ་མོ་རྣམས་ལོ་གཞོན་དུས་ཏེ་མནའ་མར་མ་འགྲོ་གོང་དུ་ཕ་མས་དུས་ཚེས་བཟང་བ་ཞིག་ལ་བུ་མོར་སྤ་ཕྲུག་གཡོགས་ཏེ་རྟེན་འབྲེལ་བྱེད། དེ་ནས་བཟུང་གཞི་ནས་བུ་མོས་སྐྲ་ཉིས་ལྷས་བྱེད་པ་དང་། སྤང་གདན་འཆིང་བར་བྱེད། སྤྱིར་བཏང་ལྷ་སའི་བུད་མེད་རྣམས་དབྱར་དུས་སུ་ཞྭ་མོ་མི་གྱོན་ཡང་། ཅུང་ལོ་ན་ཆེ་བ་རྣམས་གླིང་སྐོར་སོགས་ཉི་འོག་ཏུ་འགྲོ་སྐབས་བསྐལ་བཟང་བསིལ་གཡབ་ཅེས་ཏྰ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་བྱུང་བ་སྨྱུག་མའི་རྩིབས་རུས་ཅན། རྒྱུ་ཐེར་མ་དང་། གོས་ཆེན་སོགས་གང་རུང་ལས་བཅོས་པ་དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཏུ་བརྐྱངས་པ་ཞིག་ཨོག་སྒྲོག་གིས་བཅིངས། དགུན་དུས་སུ་བུ་མོ་ཚོས་ཡང་ཞྭ་ཞེས་ཐེར་མ་སོགས་ཀྱིས་བཟོས་པའི་ཞྭ་མོ་རྒྱབ་མདུན་གཉིས་ལ་རྣ་ཅོག་ཆེ་བ་རེ་དང་གཡས་གཡོན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན་པར་བྱེད། ན་ཚོད་ཅུང་ཆེ་བ་རྣམས་ཀྱི་སྐེད་སྐབས་སུ་སྐེད་པ་ནས་འཕོངས་ཚོས་བར་ཁེབས་པའི་པགས་པའམ་བར་ཚང་ཅན་གྱི་སྐེད་དཀྲིས་དཀྲིས་པར་བྱེད། ཉེ་རབས་ལྷ་སའི་སྐྱེས་པ་རྣམས་ཀྱི་གཞི་རྩའི་གྱོན་ཆས་ནི་ཕྱུ་ཆེན་རང་ཡིན་པ་ལས་བུད་མེད་ལྟར་ཕུ་མེད་གྱོན་སྲོལ་མེད་ཀྱང་། དབྱར་དུས་སུ་ཕུ་ཐུང་གཡས་པ་ཕུད་པ་དང་དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་ཚགས་གྱོན་པར་བྱེད། ལོ་ན་གཞོན་པ་རྣམས་ཀྱིས་ཕྱུ་པའི་རྒྱབ་ཕྱོགས་སུ་རྐུབ་སུལ་བཞིའམ་དྲུག་སྒྲིག་པ་དང་ལ་ལས་ལུས་ཀྱི་སྟ་ཟུར་ལ་ཟུར་ལྟེབས་སྒྲིག་པར་བྱེད། རྐང་པར་ཀོ་ལྷམ་དང་། ཟོམ་པ། འཇུར་རྟ་ཡུ་རིང་ཅན་རང་འདོད་ལྟར་གྱོན། མགོ་ལ་དབྱར་དུས་སུ་ཕྱིང་ཞྭ་དང་། དགུན་དུས་སུ་ཚེ་རིང་སྐྱིན་ཁེབས། འཇའ་བཏང་པགས་སློག་བཅས་གྱོན་། སྤྱིར་ན་སྐྱེས་པ་མང་ཆེ་བ་ཆུང་དུས་ནས་སྐྲ་ལྕང་ལོ་རྒྱག་པ་དང་། རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་པར་བྱེད་ཀྱང་མི་དྲག་རྣམས་ཀྱི་བུ་ཚོས་ལྕང་ལོར་གའུ་རྒྱན་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད། ལྷ་སའི་དཔོན་རིགས་རྣམས་ཀྱི་ཆས་གོས་ནི་རང་རང་སོ་སོའི་ལས་གནས་ལ་གཞིགས་པའི་ལས་གོས་རྣམ་གྲངས་མང་ཞིང་། རྒྱུ་ཆ་དང་། བཟོ་དབྱིབས། ཚོས་གཞི་སོགས་རྣམ་པར་བཀྲ་བ་མང་པོ་ཡོད། ཆས་གོས་དེ་རྣམས་ཀྱི་ཁྲོད་དུ་དེ་སྔ་བོད་རིགས་རང་གི་ཆས་ལུགས་སུ་གྱུར་པ་རིན་ཆེན་རྒྱན་ཆ་དང་རྒྱ་ལུ་ཆས་སོགས་ཡོད་པ་མ་ཟད། བར་སྐབས་མོང་གོལ་དཔོན་རིགས་ཀྱི་ཆས་སུ་གཏོགས་པ་ཁར་ཁ་སུ་དང་།ཏ་ལབ་ཆི། ཞྭ་མོ་ཝ་གིར་སོགས་ཀྱང་ཡོད། དཔོན་རིགས་རྣམས་ནི་ནམ་དུས་སོ་སོ་དང་མཛད་སྒོ་འདྲ་མིན་སོ་སོར་གཏན་འབེབས་གཞིར་བཟུང་གི་ཆས་ལུགས་མི་འདྲ་བ་གྱོན་པར་བྱེད་ལ། དེ་སྔ་ཏྰ་ལའི་བླ་མའི་ཆིབས་བསྒྱུར་སྐབས་སེར་སྐྱ་དཔོན་རིགས་ཁག་རང་རང་སོ་སོར་ཐ་དད་པའི་གཟབ་བཞེས་ཀྱི་ཆས་སུ་ཞུགས་པ་མ་ཟད། བཞོན་རྟ་ལའང་གསེར་ཚགས་ཀྱིས་ལེགས་པར་བརྒྱན་པའི་གསེར་སྒ་དང་། གསེར་སྲབ། གསེར་རྨེད་དང། དམ་དོམ། དཔྲལ་ཁེབས། གཟར་ཆེན། གཟར་ཆུང། སྒ་ཤུབས་སོགས་ཀྱི་རྒྱན་སྤྲོས་མཛེས་པར་སྤུད་པ་སོགས་དཔོན་རིགས་རིམ་པ་དང་ལས་ཚན་སོ་སོའི་རྒྱན་གོས་རེ་རེ་བཞིན་འགོད་པ་ལ་རྣམ་གྲངས་ཤིན་ཏུ་མང་བས་ཡིག་ཚོགས་ཀྱི་རྐྱེན་པས་མ་བྲིས་ཤིང་། ལྷ་སའི་བུད་མེད་རྣམས་གཟབ་མཆོར་སྐབས་ཀྱི་རྒྱན་ཆ་ནི་ལྷག་པར་མཛེས་ཤིང་འཇིག་རྟེན་གྱི་མི་རིགས་གཞན་པ་སུ་དང་ཡང་མི་འདྲ་བར་བོད་མི་རིགས་རང་གི་དམིགས་གསལ་ཁྱད་ཆོས་ཤུགས་ཆེན་ལྡན་པ་ཞིག་ཡིན་པས་མདོར་བསྡུས་ཙམ་ཞུས་ན་། གནའ་དུས་བོད་ཀྱི་བུད་མེད་རྣམས་ཀྱི་རྒྱན་ཆ་ནི་རྣམ་ཀུན་ནས་ལུས་པོར་འདོགས་པར་བྱེད། ཉེ་རབས་སུ་ལོ་གསར་སོགས་དུས་ཆེན་ཁག་དང་། གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བ། གླིང་ཁ་སོགས་སྤྲོ་སྐྱིད་གཏོང་བ་བཅས་ཀྱི་སྐབས་སུ་བུད་མེད་རྣམས་ཀྱིས་རང་ཉིད་ལྷ་མོ་ལྟ་བུའི་ཡིད་འོང་གི་མཛེས་མ་ཞིག་ཏུ་བརྒྱན་པར་བྱ་རྒྱུར་སྤྲོ་སྣང་ཆེ་བས་རྒྱན་གོས་གཟབ་མཆོར་གང་ཆེ་བྱེད་པའི་སྲོལ་དར་ཞིང་། ལྷ་སའི་བུད་མེད་ཀྱི་རྒྱན་གོས་ཀྱི་དཔེ་མཚོན་དུ་གྱུར་པ་ནི་མཛད་སྟོན་ཆེ་ཁག་ཏུ་རྒྱན་བཟང་མ་ཞེས་པའི་རྒྱན་གོས་གཟབ་པར་སྤུད་པའི་ཁྲུང་ཞུ་མ་རྣམས་ཡིན། རྒྱན་བཟང་མའི་རྒྱན་གོས་ནི་དཔོན་རིགས་ཆེ་གྲས་ཀྱི་ལྷ་ལྕམ་རྣམས་ཀྱི་རྒྱན་གོས་དང་ཧ་ལམ་གཅིག་མཚུངས་སུ་གནང་བ་སྟེ། རྒྱན་བཟང་མ་རྣམས་ཀྱིས་རྒྱ་འདྲ་རྒྱ་སེའམ་ཐིའུ་རྒྱ་སྨུག་སོགས་ཀྱི་ཕྱུ་པའི་འོག་ཏུ། གྲུའུ་རྩེ་སྣ་ལྔའི་འོག་ཕྱུ་གྱོན། ལུས་སྨད་ཀྱི་ཕྱུ་པའི་ཐོག་ཏུ་ཤམ་ཐབས་ནག་པོ་གཉེར་མ་བསྣོན་སྒྲིག་གི་གོས་དང་ཕྱུ་པའི་སྟེང་དུ་སྟེང་བརྩེགས་ཞེས་རྒྱ་སེའི་ཕུ་མེད་ཞིག་གྱོན། མདུན་དུ་འཛར་པང་ཞེས་སྐྱིན་ཁེབས་རྟ་མིག་མ་དང་དངོས་རྩེ་མ་སོགས་ཀྱིས་བཟོས་ཤིང་སྣེ་མོར་སི་ཤིན་གྱི་ཁྲོམ་འཛར་ལྡན་པའི་པང་ལྡན་བཅིངས། རྐང་ལྷམ་རྟ་སོ་མ་ཞེས་རྩེ་དྲུང་གི་རས་ཟོམ་ལྡ་བུ་ཞིག་གྱོན། མགོ་བོའི་སྐྲ་ནི་མགོ་དཀྱིལ་དུ་རྩེ་གཙུག་ཞེས་སྒོར་མོ་ཞིག་ལྷས། དཔྲལ་བའི་མདུན་གྱི་སྐྲ་རྣམས་སྐྲ་མཚམས་དཀྱིལ་ནས་ཕྱེ་ཞིང་། གཡས་གཡོན་སོ་སོ་ནས་འཐེན་པས་སྣ་བ་གཉིས་ཀ་འགེབས་པར་བྱས་ཏེ་རྒྱབ་ཕྱོགས་སུ་ཉིས་སྐྲ་ལྷས། སྐྲ་རྩེ་རེ་རེར་སྐྲ་གཞུག་རེ་བཅིངས། ལྕགས་སྒྲོམ་སེམས་ཅན་གྱི་རྭ་ཅོ་འདྲ་བ་ཁུང་བུ་དུ་མ་ཅན་ཞིག་གི་ཐོག་ཏུ་སི་སྐུད་ནག་པོས་སྐྲ་རྫུས་སྒྲོག་འཚེམ་གྱིས་མགོ་བོར་གྱོན་ཏེ་རྭ་ཅོ་གཡས་གཡོན་གཉིས་ནས་སྐྲ་རྫུས་རྣམས་སྒལ་སྟེང་བར་སིལ་བུར་གློད། དེ་ནས་སྐྲ་ཉིས་ལྷས་ཀྱིས་སྐེད་སྐབས་ཀྱི་མཚམས་སུ་མུ་ཏིག་ཕྲེང་བརྒྱུད་བཅུ་གྲངས་ཤིག་གསེར་གྱི་ཕྲ་བ་བཀང་གསུམ་གྱིས་སྦྲེལ་ཞིང་། གཡུ་བྱིལ་གྱི་རྒྱན་སྤྲོས་མཛེས་པར་བྱས། ཁྲེད་རྩེ་གཅིག་ལྷག་ཙམ་ཡོད་པའི་ནོ་བུ་དགའ་འཁྱིལ་གྱིས་སྐྲ་རྫུས་ཀྱི་ལན་བུ་གཉིས་སྦྲེལ། སྐྲ་རྫུས་ཀྱི་སྣེ་མོ་གཉིས་ལ་སྐྲ་གཞུག་རེ་བཅིངས་པ་དེ་ཧ་ལམ་ས་མཐིལ་ལ་མ་རེག་ཙམ་དུ་འཕྱང་ཁྲུལ་དུ་གློད། སྐྲ་རྫུས་ཀྱི་ཐོག་ཏུ་མུ་ཏིག་རྡོག་པོ་སྟོང་ཕྲག་དྲུག་ཙམ་གྱིས་བཟོས་ཤིང་། བྱི་རུ་རྡོག་ཆེན་བཞི་དང་བྱི་རུ་གཉིས་རེའི་དབར་དུ་བོད་གཡོ་སྤུས་ལེགས་རེ་མཚམས་འཇུག་བྱས་ནས་སྣེ་མོ་དང་མཚམས་རྣམས་ལ་མཛེས་རྒྱན་སྤྲས་པའི་མུ་ཏིག་སྤ་ཕྲུག་ཟུར་གསུམ་ཞིག་གྱོན། སྤ་ཕྲུག་ལ་གསེར་གྱི་ལྕགས་ཀྱུ་བཞི་ཡིས་ཀྱི་ལྕགས་སྒྲོམ་དང་སྐྲའི་རྩེ་གཙུག་ཏུ་བསྒྲོགས། སྤ་ཕྲུག་དཀྱིལ་གྱི་སྟོང་ཆ་ཟུར་གསུམ་དེའི་ཐོག་ཏུ་རྩེ་གཡུ་ཐག་པ་ཞེས་གཙུག་གཡུའི་གཞི་གདན་དུ་གྱུར་པ་མུ་ཏིག་སྐུད་པར་བརྒྱུས་ཏེ་དམ་པོར་སྒྲོག་འཚེམ་བྱས་པ་ཆེ་ཆུང་ལག་མཐིལ་ཙམ་དབུས་སུ་གཙུག་གཡུ་བསྒར་བ་ཞིག་གིས་བཀག། རྩེ་གཡུ་ཐག་པའི་ཐོག་ཏུ་མུ་ཏིག་རྟོག་པོ་ཆིག་ཁྲི་སྟོང་ཙམ་གྱིས་བཟོས་པའི་མུ་ཏིག་ཐོད་ཁེབས་ཡོངས་གྲགས་སུ་མུ་ཏིག་ཐུག་ཁེབས་ཞེས་ཁོག་མ་སྦུག་སློག་པ་དང་འདྲ་བ་ཞིག་གྱོན། རྣ་བ་གཉིས་ལ་ཨ་དབྲིལ་འབྲུམ་འཛར་ཞེས་གསེར་གྱི་རྣ་རྒྱན་སྒོར་མོ་ཆེ་ཆུང་ཉིས་སྦྲེལ་སྣེ་མོར་འབྲུམ་འཛར་ཁྲེད་རྩེ་གཅིག་ཙམ་རིང་བ་ཞིག་རྣ་བའི་མདུན་དུ་བཏགས་ཤིང་། འབྲུམ་འཛར་རྣམས་བྲང་ཁ་གཡས་གཡོན་གཉིས་སུ་དཔྱངས། ཨ་དབྲིལ་འབྲུམ་འཛར་བརྟན་པོར་རྣ་བ་གཉིས་ཀྱི་མདུན་དུ་གནས་ཕྱིར་འབྲུམ་འཛར་ཡར་འཐེན་ཞེས་མུ་ཏིག་ལྕགས་དབྲིལ་དང་གསེར་གྱི་དྲ་བཀག་གཡུ་ཡི་ཕྲ་རྒྱན་བཅས་ཀྱིས་གྲུབ་པ་ཞིག་མཚོག་མའི་ཐོག་ཏུ་བཏང་ནས་སྣེ་གཉིས་སུ་གཡས་གཡོན་གྱི་ཨ་དབྲིལ་འབྲུམ་འཛར་རེ་བསྒྲོགས། སྐེ་ལ་དཀར་ཤལ་དམར་ཤལ་ཞེས་གཡུ་དང་། བྱི་རུ། སྤོས་ཤེལ་བཅས་ཀྱི་དོ་ཤལ་པུས་མོ་གྲོལ་བ་གསུམ་གྱོན་པའི་ཐོག་ལ་ད་དུང་མུ་ཏིག་དང་། བྱུ་རུ། གཟི་བཅས་སྤེལ་མར་བརྒྱུས་པའི་ལུང་ཐག་གིས་གསེར་སྦྱངས་བརྡུང་གི་གའུ་ཟུར་བརྒྱད་མ་གཡུ་དང་། རྡོ་རྗེ་ཕ་ལམ། རིན་ཆེན་ཕྲ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཚོམ་བརྒྱབ་པ་ཞིག་བྲང་ཁའི་དཀྱིལ་ཕྱོགས་སུ་བཏགས། དེ་ནས་གའུ་གསུམ་སྒྲོམ་ཞེས་གོང་གསལ་གའུ་ལས་ཅུང་ཆུང་བའི་གསེར་གི་གའུ་གསུམ་མུ་ཏིག་དང་གཟི་བྱུ་རུ་སྤེལ་མར་བརྒྱུས་པའི་ལུང་ཐག་ཏུ་བསྒྲོགས་ཏེ་གའུ་དག་ཧ་ལམ་གྲོད་པའི་སྟེང་དུ་བཏགས་ཤིང་གའུའི་ཡར་འཐེན་ཞིག་ མུ་ཏིག་ཕྲེང་བརྒྱུས་ཉི་ཤུ་ཙམ་རིང་ཐུང་མོག་སྒོར་ཞེས་གསེར་ཚགས་ཅན་གཡུ་དང་རིན་ཆེན་ཕྲ་ཡི་རྒྱན་པ་དང་། འགོ་མཇུག་གཉིས་ལ་གསེར་གི་ཕྲ་བཀག་རེ་བསྒར་བ་ཞིག་གིས་གའུ་གསུམ་སྒྲོམ་གྱི་གའུ་ཆེ་བ་དག་དཔུང་པ་གཡོན་དུ་བཏགས་ཏེ་གཡོན་ཕྱོགས་ཀྱི་བྲང་ཁ་ནི་ཡར་འཐེན་གྱིས་མཛེས་པར་བྱས། བྲང་ཁ་གཡས་པར་འཕྲུལ་འཕྲུལ་ཞེས་མུ་ཏིག་དང་གཟི། མ་རྒད་སོགས་སེ་ཤན་གྱི་སྐུད་པར་བརྒྱུས་ཏེ་དབྱིབས་གཟུགས་མཛེས་པར་བསྒྲིགས། དེ་ནས་བཟོ་གྲྭའམ་ཡང་ན་ཆེད་ལས་ཀྱི་བཟོ་པས་བཅོས་པ་མ་ཡིན་པར་རྒྱན་ཆའི་བདག་པོ་རང་གི་སོར་མོའི་འདུ་བྱེད་ལས་གྲུབ་པ་ཡིན་པས་བདག་པོའི་བློ་གྲོས་དང་མཛེས་རིག་མཚོན་པའི་སྒྱུ་རྩལ་གྱི་དངོས་པོ་ཞིག་ཀྱང་ཡིན། དེར་བརྟེན་ལྷ་སའི་བུད་མེད་རྣམས་ཀྱི་འཕྲུལ་འཕྲུལ་ནི་གཞི་རྩ་གཅིག་མཚུངས་ཡིན་ཀྱང་བྱེ་བྲག་ཏུ་བཀོད་པ་འདྲ་མིན་ཐ་དད་དུ་གྱུར་པའི་རྒྱན་ཆ་ཧ་ཅང་མཛེས་པ་ཞིག་སྟེ་སྟེང་བརྩེགས་ལ་སྐེད་རགས་མེད་པས་སྟེང་བརྩེགས་ལུས་ཐོག་ཏུ་དམ་པོར་འཁྲིལ་ཕྱིར་སྐེད་སྐབས་སུ་གསེར་གྱི་སྡིག་ར་ཞེས་སྣེ་གཉིས་ལ་གསེར་གྱི་ལྕགས་ཀྱུ་ལྡན་པ་ཞིག་བརྒྱབ། སྡིག་རའི་དཀྱིལ་དུ་མེ་ཏོག་ཞལ་ཁ་ཕྱེ་བའི་འདབ་མ་ལྟ་བུའི་དབྱིབས་ལ་གཡུ་བྱིལ་གྱི་ཕྲ་ཚོམ་བཏབ་པ་ཞིག་དང་། དེའི་སྣེ་མོ་གཅིག་ནས་མུ་ཏིག་གི་ཕྲེང་བ་གཅིག་དང་སྣེ་མོ་ཁ་གཅིག་ནས་བྱུ་རུའི་ཕྲེང་བ་གཅིག་པང་གདན་ཐོག་ཏུ་འཕྱང་འཕྲུལ་ཏུ་བཏང་ཞིང་། ཕྲེང་བ་གཉིས་ཀྱི་སྣེ་མོ་གཅིག་ཤོས་དག་སྡིག་རའི་དཀྱིལ་གྱི་པད་འདབ་ལ་བསྒྲོགས་པས་ཕྲེང་བ་གཉིས་པང་གདན་ཐོག་ཏུ་སྒོར་མོར་དཔྱངས། འབའ་ཁུག་ཁབ་ཤུབས་ཞེས་རྒྱུ་དངུལ་ལ་གསེར་ཚགས་དང་གཡུ་ཡི་ཕྲ་རྒྱན་བཏབ་པ། བཟོ་དབྱིབས་འབའ་ཁུག་དང་ཁབ་ཤུབས་ཀྱི་གཟུགས་ལྟར་མཚོན་བྱེད་ཙམ་དུ་བཅོས་ཤིང་། སྣེ་མོར་འཕྱང་འཕྲུལ་གྱིས་བརྒྱན་པ་གཉིས་ལུས་པོའི་གཡས་གཡོན་གྱི་ཟུར་ལྡེབ་དང་ཉེ་བར་སྐེད་རགས་སུ་བསྒྲོགས། ལུས་སྟོད་ཀྱི་སྒལ་པར་གོས་ཆེན་འཇའ་བསྒྲིགས་ཀྱི་གོས་གཟན་པང་གདན་ལྟ་བུ་ཞིག་འཕྲེད་དུ་གྱོན་ནས་སྣེ་མོ་གཉིས་བྲང་ཁར་ཐིག་གུས་བསྒྲོགས། དེ་ལ་འདིང་བ་རིན་ཆེན་སྣེ་ལྔ་གཟན་སྣེ་ལྔ་ཞེས་འབོད། གོང་དུ་བརྗོད་པ་ནི་རྒྱན་བཟང་མའི་རྒྱན་གོས་ཡིན། ཉེ་རབས་ཀྱི་སྤྱིར་བཏང་བུད་མེད་དང་ལྷག་དོན་དུ་གཞོན་ནུ་མ་མང་ཆེ་བ་ནི། དེ་ལྟ་བུའི་རྙོག་འཛིང་ཅན་གྱི་རྒྱན་གོས་ནི་རང་གི་དཔལ་དབྱོར་གནས་བབས་དང་དུས་རབས་འཕེལ་ཕྱོགས་སོགས་དང་འཚམས་པར་མ་གྱུར་པས་ལོ་གསར་དང་གཉེན་སྒྲིག་བཅས་ཀྱི་མཛད་སྒོར་སྤ་ཕྲུག་སོགས་གྱོན་ཏེ་གཟབ་མཆོར་བྱེད་པ་ལས་དུས་སྟོན་དང་སྤྲོ་སྐྱིད་བཅས་ཀྱི་སྐབས་སུ་སྤ་ཕྲུག་མི་གྱོན་པར་ཞྭ་མོ་ཡང་ཞྭ་ཞིག་གྱོན། བྲང་ཁར་གའུ་རྫུས་ཞེས་རྡོ་རྗེ་ཕ་ལམ་དང་ཛུས་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡི་རྒྱན་བཏབ་ཅིང་། བཟོ་དབྱིབས་མེ་ཏོག་དང་ཕྱེ་མ་ལེབ་སོགས་ཤིན་ཏུ་མཛེས་པ་ཅི་རིགས་གའུའི་ཚབ་ཏུ་འདོགས་པར་བྱེད་ལ། གའུ་རྫུས་ཀྱི་འདོགས་ཐག་ལའང་རིན་ཐང་ཆེ་བའི་གཟི་དང་མུ་ཏིག་བཅས་ཀྱིས་མཛེས་པར་རྒྱན། བྲང་ཁ་གཡོན་མར་འཕྲུལ་འཕྲུལ་ཡིད་དུ་འོང་བ་ཞིག་བཏགས། ཕྱིས་སུ་གསེར་གྱི་རྣ་རྒྱན། ཚིགས་ཁེབས། དེ་བཞིན་གའུ་དང་གའུ་རྫུས་ལ་རྡོ་རྗེ་ཕ་ལམ་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡིས་ཁྲ་ཚོམ་རྒྱག་རྒྱུར་དང་ཞེན་ཆེ་བ་སོགས་རྒྱན་ཆ་སྟབས་བདེར་གཏོང་བ་དང་རིན་ཐང་ཇེ་ཆེར་གཏོང་བའི་ཕྱོགས་སུ་འཕེལ་རྒྱས་སུ་སོང་། ལྷ་སའི་བུད་མེད་རྣམས་ནི་མཛེས་རྒྱན་ལ་དང་ཞེན་ཆེ་ཞིང་བཟོ་བཀོད་གསར་གཏོད་བྱེད་རྒྱུར་རྣམ་རིག་བཀྲ་བས་རྒྱན་གོས་གོང་འཕེལ་གཏོང་རྒྱུར་རིག་སྟོབས་ལྡན་པ་ཞིག་ཡིན་པར་བརྟེན་ལྷ་སའི་བུད་མེད་ཀྱི་རྒྱན་ཆ་ནི་ལོ་ངོ་སྟོང་གི་སྔ་རོལ་ནས་ད་ལྟ་བར་གཅིག་ཏུ་ངེས་པ་མ་ཡིན་པར་མི་ཐོག་གཅིག་གི་རིང་ལའང་རྒྱན་གོས་ལ་འགྱུར་བ་ཡོང་ཚུལ་ཀུན་གྱི་མཐོང་སྣང་དུ་གྱུར། རྒས་པོའི་ངག་ལས་མཆེད་པར་གཞིགས་ན་ལྷ་སའི་བུད་མེད་རྣམས་ཀྱི་སྤ་ཕྲུག་ནི་དེ་སྔ་སྒོར་སྒོར་ཡིན་པ་དང་དེ་ནས་ཟུར་གསུམ་དུ་གྱུར། ང་ཚོས་ཕ་མའི་མི་རབས་དེ་རང་དུ་སྤ་ཕྲུག་གི་ཟུར་གསུམ་པོ་དེ་དག་རིམ་བཞིན་ཇི་རྣོར་སོང་སྟེ། མཐར་ཉེ་རབས་ཀྱི་སྤ་ཕྲུག་རྭ་ཅོ་འདྲ་བ་དེར་གྱུར། ཡང་གསེར་གྱི་གའུ་ལ་མཚོན་ན་དེ་སྔའི་གའུ་ནི་ཧ་ཅང་ཆེན་པོ་མེད་ལ་གཟུགས་དབྱིབས་གྲུ་བཞི་ཡིན་ནའང་རྗེས་སུ་རིག་བཅོས་ཀྱིས་ཟུར་བརྒྱད་དང་ཟུར་དྲུག་སོགས་འདྲ་མིན་བཏབས་པ་མ་ཟད། ཕྱིས་སུ་གའུ་རྫུས་ཞེས་གའུའི་མཚོན་བྱེད་ཙམ་དུ་དབྱིབས་ངེས་མེད་རང་མོས་ལྟར་གསར་གཏོད་ཀྱིས་འདོགས་པར་བྱེད། བོད་ཀྱི་བུད་མེད་ཀྱི་རྒྱན་ཆ་ནི་བཟོ་དབྱིབས་གཅིག་ལས་གཅིག་མཛེས་པའི་ཕྱོགས་སུ་འཕེལ་རྒྱས་སོང་ཞིང་། རིན་ཐང་ཡང་ཇེ་མཐོར་སོང་སྟེ་ཕྱིས་སུ་འབྱོར་ལྡན་པ་རྣམས་ཀྱི་རྒྱན་ཆ་ལ་ད་ལྟའི་ཐང་གཞི་བརྩིས་ན་མི་དམངས་ཤོག་སྒོར་ཁྲི་བརྒྱ་ཟིན་པའང་མི་ཉུང་བ་ཞིག་ཡོད། ལྷ་སའི་བུད་མེད་ཀྱི་རྒྱན་གོས་ལ་ཞིབ་ཏུ་དཔྱད་ན་། མི་ཉུང་བ་ཞིག་ནི་རྣམ་ཀུན་གྱི་འཚོ་བ་དང་ཐོན་སྐྱེད་མཁོ་ཆས་རང་ཡིན། རང་ཉིད་མཛེས་པར་རྒྱན་སྤྲོས་བྱ་རྒྱུར་རབ་ཏུ་སྤྲོ་བ་རྣམས་ཀྱིས་མཁོ་སྤྱད་དེ་རྣམས་རྒྱུ་གསེར་དང་། དངུལ། ཛུས་སོགས་ཀྱིས་བཅོས་ཤིང་། དཀྲོག་ཙགས་རྒྱག་པ་དང་། རིན་པོ་ཆེ་ཡི་ཕྲ་རྒྱན་པ་སོགས་ཀྱིས་མཛེས་པར་བྱེད་པ་དཔེར་ན་སེར་སྐྱ་དཔོན་རིགས་ཀྱི་ཆབ་བླུགས་དང་། རྒྱ་གྲི་ཤུབས། སེར་རིལ་སྨྱུག་སྒྲོག་སོགས་ནི་རྣམ་ཀུན་འཚོ་བ་དང་ལས་ཀའི་ཁྲོད་དུ་བེད་སྤྱོད་གཏོང་བྱེད་ཀྱི་ཡོ་ཆས་ཡིན་པ་དང་། དེ་སྔ་བུད་མེད་མང་ཆེ་བའི་ལག་པ་གཡས་པར་གྱོན་པའི་དུང་འཁོར་ནི་གནའ་རབས་སུ་འབྲོག་པའི་ཐོན་སྐྱེད་ཀྱི་མཁོ་བྱད་ཅིག་ཡིན་ཞིང་། དེ་ཡང་བ་ཕྱུགས་སོགས་ཀྱི་འོ་མ་འཇོ་བའི་སྐབས་སུ་འོ་མ་སོང་བར་དུང་འཁོར་ཐོག་ནས་ཐད་ཀར་འོ་ཟོམ་ནང་དུ་ལྷུང་བའི་ཆེད་དུ་གྱོན་པ་དང་རྗེས་སུ་འོ་མ་འཇོ་དགོས་མིན་ལ་མ་ལྟོས་པར་ཚང་མས་གྱོན་ཏེ་རྒྱན་ཆར་གྱུར། སྐྱེས་པའི་མཐེ་བོང་དུ་གྱོན་པའི་ཀྲད་ཀོར་ནི་མདའ་འགེངས་པའི་སྐབས་སུ་གཞུ་ཀྲད་བསྐོན་བྱེད་ཡིན། དེ་བཞིན་ཡིད་དུ་འོང་བའི་པང་གདན་ནི་བུད་མེད་རྣམས་ཐབ་ལས་སོགས་བྱེད་སྐབས་ཀྭྱི་ཕྱུ་པའི་ཟོན་སྐྱོར་ཡིན། གོང་གསལ་གནས་ཚུལ་ཁག་ནས་ལྷ་ས་བའི་ཡིད་དབང་འཕྲོག་པའི་རྒྱན་གོས་རྣམས་ནི་འཚོ་བའི་ཉམས་མྱོང་དང་ཐོན་སྐྱེད་ལག་བསྟར་གྱི་ཁྲོད་དུ་རིམ་བཞིན་བྱུང་བ་ཞིག་ཡིན་ལ། དེ་ཉིད་གཞིར་བཟུང་ནས་རིམ་བཞིན་མཛེས་སྣང་ལ་དགའ་ཞིང་གསར་གཏོད་ཀྱི་རིག་སྟོབས་ལྡན་པའི་ལྷ་ས་བ་རྣམས་ཀྱིས་འཕེལ་རྒྱས་སུ་བཏང་ནས་བྱུང་བ་ཡིན་པ་གསལ་པོར་མཚོན་ཡོད། འགའ་རེས་སྤ་ཕྲུག་ཅེས་པ་ནི་རྒྱ་ནག་གི་སྐད་དུ་“珠宝”ཞེས་པའི་སྒྲ་འགྱུར་བ་ཡིན་ཞིང་། དེ་ནི་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་སུ་གནས་པའི་བུད་མེད་ཀྱི་རྒྱན་ཆར་དཔེ་བལྟས་ནས་བཟོས་པ་རེད་ཅེས་རྒྱ་ནག་གི་ཡུལ་གྲུ་ཀུན་དུ་སྤ་ཕྲུག་གྱོན་སྲོལ་མེད་བཞིན་དུ་དེ་ལྟར་སྨྲ་བ་བྱུང་ཡོད་ཀྱང་དོན་དངོས་སྤ་ཕྲུག་ཅེས་པ་ཐ་སྙད་ནི་བོད་སྐད་རང་ཡིན་ཏེ་སྤ་ཞེས་པ་ནི་སྤ་ལོ་དང་ཕྲུག་ཅེས་པ་ནི་སྣམ་བུའི་དོན་ཡིན། གནའ་དུས་སུ་སྤ་ཕྲུག་ནི་དང་ཐོག་སྤ་ལོ་འཆིང་བྱེད་ཀྱི་སྣམ་བུ་དམར་པོ་ཞིག་རང་ཡིན་པ་དང་རྗེས་སོར་རིམ་བཞིན་འཕེལ་རྒྱས་སོང་སྟེ། གཡུ་བྱིལ། མུཏིག་སོགས་ཀྱིས་རྒྱན་པའི་སྤ་ཕྲུག་ཟུར་གསུམ་དེ་ལྟ་བུ་ཞིག་ལ་འགྱུར་བ་རེད། ཡང་བོད་ཀྱི་རྒྱ་ལུ་ཆས་ནི་རྒྱ་གར་གྱི་རྒྱལ་པོ་ཨིན་དྲ་བོ་ངྷིའི་ཆས་རེད་ཅེས་བརྗོད་པ་མ་ཟད། ད་དུང་དེང་སྐབས་སུ་འགའ་རེས་བོད་ཀྱི་རྒྱན་གོས་ལ་ལའི་འབྱུང་ཁུངས་ཡོ་རོབ་གླིང་དུ་འཚོལ་བར་འགྲོ་བ་ནི་དགོད་བྲོའི་གནས་སུ་ཟད། རང་རེའི་བོད་རིགས་མི་དམངས་རྣམས་ནི་འཚོ་བའི་སྤྲོ་སྣང་ཆེ་ཞིང་། མཛེས་ཆ་ལ་དགའ་བས་ས་ཁུལ་ཚང་མར་རང་གི་འཁོས་བབ་ལ་གཞིགས་པའི་རྒྱན་ཆ་འདོགས་པ་ནི་གཅིག་མཚུངས་ཡིན་པ་མ་ཟད་ལྷག་པར་ཁམས་ཀྱི་ས་ཁུལ་ལ་ལར་སྐྱེས་པ་འགའ་ཞིག་རྒྱན་ཆ་འདོགས་རྒྱུ་མང་དྲག་སྟེ་ཡར་ལངས་མི་ཐུབ་པར་མི་གཞན་པས་གཞོགས་གཉིས་ནས་སྐྱོར་ཏེ་ཡར་སློང་བའི་གནས་ཚུལ་ཡང་ཡོང་གི་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པའི་བསིལ་ལྗོངས་འདིའི་ཐོན་ཁུངས་ཁྱད་ཆོས་དང་ཡོངས་སུ་འཚམས་ཤིང་། ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་མེད་པའི་མལ་གཟན་སྤུ་རིང་འཇམ་ཞིང་དྲོ་བ་བཙུགས་ཕྲུག་ཅེས་པ་ཞིག་གསར་གཏོད་བྱས་པ་ཇི་བཞིན་དུ་ཧ་ཅང་རིང་བའི་ལོ་རྒྱུས་ཀྱི་ལོ་ཟླའི་ཁྲོད་དུ་རང་ཉིད་ཀྱིས་ཕ་ཡུལ་གྱི་གང་ཅིའི་ཁྱད་ཆོས་དང་བསྟུན་ཏེ། གསེར་དང་། གཡུ། གཟི་ལ་སོགས་པའི་དམིགས་བསལ་གྱི་ཐོན་ཁུངས་རྣམས་གཙོ་བོར་བྱས་ནས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་ཞིང་ལྟ་ན་སྡུག་པའི་རྒྱན་གོས་ཆ་ཚང་ཞིག་གསར་གཏོད་བྱས་ཡོད།

language:
Tibetan

2. Thupten Phuntsok Dictionary

དེ་ཡང་གཙོ་བོ་བོད་ཀྱི་གྲོང་ཁྱེར་ལྟེ་བ་ལྷ་སའི་བུད་མེད་ཚོའི་ཉེ་རབས་ཀྱི་གྱོན་ཆས་ནི་བོད་མི་གཞན་དང་འདྲ་བར་ཕྱུ་པ་གྱོན་པར་བྱེད། དེ་ཡང་གོས་ཆེན་དང་། ཐེར་མ། རས། སྣམ་བུ་སོགས་ཀྱིས་བཟོས་ཏེ་སྟོན་དཔྱིད་གཉིས་ལ་ཕུ་ཡོད་དང་། དབྱར་ཁ་ཕུ་མེད། དགུན་དུས་སུ་པགས་ཚགས་བཅས་གྱོན། རྐང་ལྷམ་ནི་ཟོམ་པ་དང་འཇུར་རྟ་རང་འདོད་ལྟར་བྱེད། ཆུང་དུས་ནས་སྐྲ་ལ་ལྕང་ལོ་རྒྱག་པ་དང་། བུ་མོས་ལྕང་ལོའི་ཐོག་ལྟག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས། མི་དྲག་ཆེ་གྲས་ཀྱི་བུ་མོ་རྣམས་ལྟག་འཛར་གྱི་སྟོད་དུ་གའུ་རྒྱག་པ་དང་། རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་དཔལ་འབྱོར་འཁོས་བབ་ལ་དཔག་པའི་རིན་པོ་ཆེའི་རྣ་རྒྱན་འདྲ་མིན་འདོགས་པར་བྱེད། བུ་མོ་རྣམས་ལོ་གཞོན་དུས་ཏེ་མནའ་མར་མ་སོང་གོང་དུ་ཕ་མས་དུས་ཚེས་བཟང་བ་ཞིག་ལ་བུ་མོར་སྤ་ཕྲུག་གཡོགས་ཏེ་རྟེན་འབྲེལ་བྱེད། དེ་ནས་བཟུང་གཞི་ནས་བུ་མོས་སྐྲ་ཉིས་ལྷས་བྱེད་པ་དང་། སྤང་གདན་འཆིང་བར་བྱེད། སྤྱིར་བཏང་ལྷ་སའི་བུད་མེད་རྣམས་དབྱར་དུས་སུ་ཞྭ་མོ་མི་གྱོན་ཡང་། ཅུང་ལོ་ན་ཆེ་བ་རྣམས་གླིང་སྐོར་སོགས་ཉི་འོག་ཏུ་འགྲོ་སྐབས་བསྐལ་བཟང་བསིལ་གཡབ་ཅེས (ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་བྱུང་བ) རྨྱུག་མའི་རྩིབས་རུས་ཅན། རྒྱུ་ཐེར་མ་དང་། གོས་ཆེན་སོགས་གང་རུང་ལས་བཅོས་པ་དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཏུ་བརྐྱངས་པ་ཞིག་ཨོག་སྒྲོག་གིས་བཅིངས། དགུན་དུས་སུ་བུ་མོ་ཚོས་ཡང་ཞྭ་ཞེས་ཐེར་མ་སོགས་ཀྱིས་བཟོས་པའི་ཞྭ་མོ་རྒྱབ་མདུན་གཉིས་ལ་རྣ་ཅོག (ལྕེ་ལེབ) ཆེ་བ་རེ་དང་གཡས་གཡོན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན་པར་བྱེད། ན་ཚོད་ཅུང་ཆེ་བ་རྣམས་ཀྱི་སྐེད་སྐབས་སུ་སྐེད་པ་ནས་འཕོངས་ཚོས་བར་ཁེབས་པའི་པགས་པའམ་བར་ཚང་ཅན་གྱི་སྐེད་དཀྲིས་དཀྲིས་པར་བྱེད། ཉེ་རབས་ལྷ་སའི་སྐྱེས་པ་རྣམས་ཀྱི་གཞི་རྩའི་གྱོན་ཆས་ནི་ཕྱུ་ཆེན་རང་ཡིན་པ་ལས་བུད་མེད་ལྟར་ཕུ་མེད་གྱོན་སྲོལ་མེད་ཀྱང་། དབྱར་དུས་སུ་ཕུ་ཐུང་གཡས་པ་འབུད་པ་དང་དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་ཚགས་གྱོན་པར་བྱེད། ལོ་ན་གཞོན་པ་རྣམས་ཀྱིས་ཕྱུ་པའི་རྒྱབ་ཕྱོགས་སུ་རྐུབ་སུལ་བཞིའམ་དྲུག་སྒྲིག་པ་དང་ལ་ལས་ལུས་ཀྱི་སྟ་ཟུར་ལ་ཟུར་ལྟེབས་སྒྲིག་པར་བྱེད། རྐང་པར་ཀོ་ལྷམ་དང་། ཟོམ་པ། འཇུར་རྟ་ཡུ་རིང་ཅན་རང་འདོད་ལྟར་གྱོན། མགོ་ལ་དབྱར་དུས་སུ་ཕྱིང་ཞྭ་དང་། དགུན་དུས་སུ་ཚེ་རིང་སྐྱིན་ཁེབས། འཇའ་བཏང་པགས་སློག་བཅས་གྱོན། སྤྱི་ན་སྐྱེས་པ་མང་ཆེ་བ་ཆུང་དུས་ནས་སྐྲ་ལྕང་ལོ་རྒྱག་པ་དང་། རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་པར་བྱེད་ཀྱང་མི་དྲག་རྣམས་ཀྱི་བུ་ཚོས་ལྕང་ལོར་གའུ་བརྒྱན་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད། ལྷ་སའི་དཔོན་རིགས་རྣམས་ཀྱི་ཆས་གོས་ནི་རང་རང་སོ་སོའི་ལས་གནས་ལ་གཞིགས་པའི་ལས་གོས་རྣམ་གྲངས་མང་ཞིང་། རྒྱུ་ཆ་དང་། བཟོ་དབྱིབས། ཚོས་གཞི་སོགས་རྣམ་པར་བཀྲ་བ་མང་པོ་ཡོད། ཆས་གོས་དེ་རྣམས་ཀྱི་ཁྲོད་དུ་དེ་སྔ་བོད་རིགས་རང་གི་ཆས་ལུགས་སུ་གྱུར་པ་རིན་ཆེན་རྒྱན་ཆ་དང་རྒྱ་ལུ་ཆས་སོགས་ཡོད་པ་མ་ཟད། བར་སྐབས་མོང་གོལ་དཔོན་རིགས་ཀྱི་ཆས་སུ་གཏོགས་པ་ཁར་ཁ་སུ་དང་། ཏ་ལབ་ཆི། ཞྭ་མོ་ཝ་གིར་སོགས་ཀྱང་ཡོད། དཔོན་རིགས་རྣམས་ནི་ནམ་དུས་སོ་སོ་དང་མཛད་སྒོ་འདྲ་མིན་སོ་སོར་གཏན་འབེབས་གཞིར་བཟུང་གི་ཆས་ལུགས་མི་འདྲ་བ་གྱོན་པར་བྱེད་ལ། དེ་སྔ་ཏཱ་ལའི་བླ་མའི་ཆིབས་བསྒྱུར་སྐབས་སེར་སྐྱ་དཔོན་རིགས་ཁག་རང་རང་སོ་སོར་ཐ་དད་པའི་གཟབ་བཞེས་ཀྱི་ཆས་སུ་ཞུགས་པ་མ་ཟད། བཞོན་རྟ་ལའང་གསེར་ཚགས་ཀྱིས་མཛེས་པར་བྱས་ཤིང་གཡུ་བྱུར་སོགས་ཀྱིས་ལེགས་པར་བརྒྱན་པའི་གསེར་སྒ་དང་། གསེར་སྲབ། གསེར་རྨེད་དང་། དམ་དོམ། དཔྲལ་ཁེབས། གཟར་ཆེན། གཟར་ཆུང་། སྒ་ཤུབས་སོགས་ཀྱི་རྒྱན་སྤྲོས་མཛེས་པར་སྤུད་པ་སོགས་དཔོན་རིགས་རིམ་པ་དང་ལས་ཚན་སོ་སོའི་རྒྱན་གོས་རེ་རེ་བཞིན་འགོད་པ་ལ་རྣམ་གྲངས་ཤིན་ཏུ་མང་བས་ཡིག་ཚོགས་ཀྱི་རྐྱེན་པས་མ་བྲིས་ཤིང་། ལྷ་སའི་བུད་མེད་རྣམས་གཟབ་མཆོར་སྐབས་གྱི་རྒྱན་ཆ་ནི་ལྷག་པར་མཛེས་ཤིང་འཇིག་རྟེན་གྱི་མི་རིགས་གཞན་པ་སུ་དང་ཡང་མི་འདྲ་བར་བོད་མི་རིགས་རང་གི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ནོ། །མདོར་བསྡུས་ཙམ་ཞུས་ན། གནའ་དུས་བོད་ཀྱི་བུད་མེད་རྣམས་ཀྱི་རྒྱན་ཆ་ནི་རྣམ་ཀུན་ནས་ལུས་པོར་འདོགས་པར་བྱེད། ཉེ་རབས་སུ་ལོ་གསར་སོགས་དུས་ཆེན་ཁག་དང་། གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བ། གླིང་ཁ་སོགས་སྤྲོ་སྐྱིད་གཏོང་བ་བཅས་ཀྱི་སྐབས་སུ་བུད་མེད་རྣམས་ཀྱིས་རང་ཉིད་ལྷ་མོ་ལྟ་བུའི་ཡིད་འོང་གི་མཛེས་མ་ཞིག་ཏུ་བརྒྱན་པར་བྱ་རྒྱུར་སྤྲོ་སྣང་ཆེ་བས་རྒྱན་གོས་གཟབ་མཆོར་གང་ཆེ་བྱེད་པའི་སྲོལ་དར་ཞིང་། ལྷ་སའི་བུད་མེད་ཀྱི་རྒྱན་གོས་ཀྱི་དཔེ་མཚོན་དུ་གྱུར་པ་ནི་མཛད་སྟོན་ཆེ་ཁག་ཏུ་རྒྱན་བཟང་མ་ཞེས་པའི་རྒྱན་གོས་གཟབ་པར་སྤུད་པའི་ཁྲུང་ཞུ་མ་རྣམས་ཡིན།

language:
Tibetan