Skip to main content Skip to search
byams pa kun dga' bstan 'dzin
ID:
T237963
  • བྱམས་པ་ཀུན་དགའ་བསྟན་འཛིན (Tibetan, Tibetan script, Original)
    • > byams pa kun dga' bstan 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jampa kün ga tendzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཞེ་བདུན་པ་ཡིན། རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་སྤྱི་ལོ་ (༡༧༧༦) ལོར་རིགས་ཁྱད་པར་ཅན་བྲང་ཏིའི་སྐྱེ་བརྒྱུད་དུ་སྐུ་བལྟམས། དགུང་ལོ་དྲུག་པར་ཁུ་བོ་ནམ་མཁའ་འཆི་མེད་ཀྱི་དྲུང་དུ་ཨེ་ཝཾ་ཐར་རྩེའི་ཕོ་བྲང་དུ་ཕེབས་ནས་རྒྱུན་གྱི་བྱ་བ་ཆོས་སྤྱོད་ནས་བརྩམས་ཏེ་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་རྣམས་དཀའ་བ་མེད་པར་ཐུགས་སུ་ཆུད། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་མས་ཏེ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར་ནས་ཚུལ་ཁྲིམས་ཀྱི་དྲི་བསུང་ཕྱོགས་བཅུར་ཐུལ། ཡོངས་འཛིན་བླ་མ་ཉི་ཤུ་རྩ་ལྔ་ལས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་གསན་པ་རྣམས་ཀྱང་ཚིག་དོན་ཕྱག་ལེན་ཕྲ་མོ་དག་ཀྱང་འཁྲུལ་མེད་དུ་མཁྱེན། དཔལ་ཀྱེ་རྡོ་རྗེའི་བསྙེན་པ་ལན་གཉིས་དང་། མགོན་པོ་ཆེ་ཆུང་གི་བསྙེན་པ་མཐར་ཕྱིན་པར་མཛད་པས་ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབ་པའི་མཚན་མ་མང་པོས་ཐུགས་རྒྱུད་གཏམས། དེ་ནས་མཁན་ཆེན་བསོད་ནམས་དཔལ་འབྱོར་གྱི་གདན་ཚབ་ཏུ་དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་སྤྱི་ལོ་ (༡༨༡༡) ལོར་ཨེ་ཝཾ་ཆོས་ལྡན་གྱི་གསེར་ཁྲིར་མངའ་གསོལ་བས་བགྲང་བྱ་བཅུའི་བར་དུ་གདན་ས་བསྐྱངས་ནས་འཆད་རྩོད་རྩོམ་གསུམ་དང་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་སྔར་ལས་ཀྱང་རྒྱས་པར་མཛད། སྡེ་དགེ་ཆོས་རྒྱལ་ཆེན་པོས་ལན་གཉིས་ཀྱི་བར་དུ་སྤྱན་དྲངས་ཏེ་ཆོས་རྒྱལ་ཆེན་པོར་བསྙེན་པར་རྫོགས་པའི་སྡོམ་པ་བསྩལ་བ་སོགས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བསྐྱངས། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཚར་བཅུ་དང་། སློབ་བཤད་ཚར་བཞི། རྡོ་རྗེ་ཕྲེང་བ་ཚར་གཉིས་སོགས་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བར་མཛད་པས་བརྒྱུད་འཛིན་སློབ་མ་ཡང་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་ངག་དབང་ལེགས་གྲུབ་སོགས་མཁས་གྲུབ་གསེར་ཕྲེང་ལྟ་བུ་བསྐྲུན་པར་མཛད་པ་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ཀྱི་གཙུག་ན་སངས་རྒྱས་གཉིས་པ་ལྟར་བཞུགས། དེ་རྗེས་ཨེ་ཝཾ་ཐར་རྩེའི་ཕོ་བྲང་དུ་བཤད་སྒྲུབ་གཉིས་ཁོ་ནས་དུས་འདའ་བར་མཛད་མཐར་དགུང་གྲངས་གྱ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ལོ་སྤྱི་ལོ་ (༡༨༦༢) ཟླ་བ་གསུམ་པའི་ཚེས་བཅུ་བདུན་ལ་སྐུ་ཞི་བར་གཤེགས་སོ། །

language:
Tibetan