- brag dkar blo bzang dpal ldan
- ID:
- T238126
- བྲག་དཀར་བློ་བཟང་དཔལ་ལྡན (Tibetan, Tibetan script, Original)
- > brag dkar blo bzang dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak kar lo zang palden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་དཀར་མཛེས་འཁྲིགས་ལུང་རི་ཁྲོད་དུ་ཡབ་བསམ་གཏན་ཚེ་རིང་དང་ཡུམ་ཚེ་རིང་མའི་སྲས་སུ་རབ་བྱུང་བཅུ་བཞི་པ་མེ་སྟག(༡༨༦༦)ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་འཁྲུངས། དགུང་ལོ་བཞི་ལ་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། མཚན་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ། དགུང་ལོ་ལྔ་ལ་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན། དགུང་ལོ་ནས་ཡོངས་འཛིན་བློ་ལྡན་ཆོས་འཕེལ་གྱི་དྲུང་ནས་དག་ཡིག་དང་། སུམ་རྟགས། སྙན་ངག མདོ་སྔགས་ཀྱི་གཞུང་ཆེན་སྐོར་གྱི་བཤད་ཁྲིད་སོགས་སྦྱངས། དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། རྒྱལ་རོང་བླ་མ་དཀོན་མཆོག་བཟང་པོ་དང་ཁང་གསར་བློ་བཟང་མཐུ་སྟོབས་རྒྱ་མཚོ་གཉིས་ལས་དབྱངས་ཅན་སྒྲ་མདོ་དང་། སྙིང་ཐིག་གི་རྩ་རླུང་འཕྲུལ་འཁོར་ལག་ཁྲིད། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་སོགས་གསན། དགུང་ལོ་བཅུ་བདུན་ཐོག་དབུས་ལྷ་ལྡན་དུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་ཏྲེ་བོ་ཁང་ཚན་དུ་ཞུགས། གཞུང་བཀའ་པོད་ལྔ་ལ་གསན་བསམ་རྒྱ་ཆེར་གནང་ཐོག རིགས་ལམ་རྩོད་གྲྭའི་ནང་དུ་གྲྭ་སྐོར་མཛད་སྐབས་མང་ཐོས་དགེ་བཤེས་རྣམས་ཀྱིས་བསྔགས་བརྗོད་གནང་ཞིང་། མཁས་པའི་སྙན་གྲགས་བརྟས། དེ་ནས་མུ་མཐུད་རིག་པའི་གནས་སྒོ་ཀུན་ལ་སྦྱོང་བའི་ཐུགས་བརྩོན་ཆེས་ཆེར་སྐྱེས་ཏེ་གྲུབ་དབང་དྷརྨ་སེང་གེ་ལས་གསོ་བ་རིག་པ་དང་། གཅོད་ཀྱི་དབང་ཁྲིད། གོང་ས་ལྔ་པའི་གསང་བ་རྒྱ་ཅན་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ། ཀུན་མཁྱེན་ཀློང་ཆེན་པའི་གསུང་ཆོས་སོགས་ཟབ་ཆོས་མང་དུ་གསན་ཏེ་རིགས་ཀྱི་བདག་པོར་གྱུར། དགུང་ལོ་ཉེར་གཉིས་ཐོག་མདོ་སྨད་དུ་ཕྱིར་ཕེབས་ནས་བྲག་དཀར་བྱང་ཆུབ་གླིང་དུ་བཞུགས། དེར་ཡང་གླིང་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་དང་། སེ་རོང་འཇམ་དབྱངས་དབང་ཕྱུག་རབ་བརྟན། ཉ་རྒྱས་མཆོག་སྤྲུལ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་ཇི་སྙེད་སྤྱི་བོར་བཀུར་ཏེ་བསྟན་འགྱུར་གྱི་ལུང་དང་། ལམ་རིམ་ཆེ་ཆུང་། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ། གསང་བདེའི་དབང་། བདེ་མཆོག་གི་ལུས་དཀྱིལ་དུས་འཁོར་སྦྱོར་དྲུག་སོགས་མདོ་སྔགས་ཀྱི་རིག་གནས་འབྱམས་ཀླས་པར་མང་ཐོས་མཁས་པའི་མངའ་བརྙེས། དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང་། ཆོས་དབྱིངས་དགོན། སྲག་མགོའི་དགེ་ཐར་ལུང་སོགས་སུ་གདན་ས་མཛད་དེ་གཞུང་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་འཆད་ཁྲིད་མཛད། གཞན་ཡང་དཀར་མཛེས་བྲག་མགོ། མི་ཉག གསེར་ཐར་སོགས་གནས་མཆོག་མང་པོར་ཞབས་ཀྱིས་བཅག་ཏེ་བདེ་གསང་འཇིགས་གསུམ། སྙིང་ཐིག ཞི་གཅོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་དང་། བཀའ་བསྟན་འགྱུར་དང་། རྗེ་ཙོང་ཁ་པའི་གསུང་འབུམ། བླ་མ་སོ་སོའི་གསུང་འབུམ་སྣ་ཚོགས་ཀྱི་ལུང་གནང་བ་སོགས་འདུལ་བྱ་རྣམས་སྐལ་ལྡན་གྱི་ལམ་དུ་བཀོད། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་དང་། དགེ་ཐོག་མཆོག་སྦྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག རྭ་ཧོ་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་ཆེན་དུ་མ་ཞལ་སློབ་ཏུ་གྱུར། བཀའ་འགྱུར་གསེར་བྲིས་གནང་བ་དང་། རྡོ་རྗེ་སེམས་དཔའ་དང་། བྱམས་པ་སོགས་གསེར་ཟངས་ཀྱི་སྐུ་མང་པོ་བཞེངས། སྙན་ངག་གི་དཔེར་བརྗོད་དང་། བསྟོད་ཚོགས། བླ་མ་རྒྱུད་པའི་རྣམ་ཐར། གསང་འདུས་རྩ་རྒྱུད། སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་པར་དུ་འཁོད་པ་གླེགས་བམ་བཅུ་བདུན་ཙམ་བཞུགས། མཐར་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ(༡༩༢༩)ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་དཀར་མཛེས་འཁྲིགས་ལུང་རི་ཁྲོད་དུ་ཡབ་བསམ་གཏན་ཚེ་རིང་དང་ཡུམ་ཚེ་རིང་མའི་སྲས་སུ་རབ་བྱུང་བཅུ་བཞི་པ་མེ་སྟག (༡༨༦༦) ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་འཁྲུངས། དགུང་ལོ་བཞི་ལ་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་། མཚན་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ། དགུང་ལོ་ལྔ་ལ་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན། དགུང་ལོ་དགུ་ནས་ཡོངས་འཛིན་བློ་ལྡན་ཆོས་འཕེལ་གྱི་དྲུང་ནས་དག་ཡིག་དང་། སུམ་རྟགས། སྙན་ངག མདོ་སྔགས་ཀྱི་གཞུང་ཆེན་སྐོར་གྱི་བཤད་ཁྲིད་སོགས་སྦྱངས། དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། རྒྱལ་རོང་བླ་མ་དཀོན་མཆོག་བཟང་པོ་དང་ཁང་གསར་བློ་བཟང་མཐུ་སྟོབས་རྒྱ་མཚོ་གཉིས་ལས་དབྱངས་ཅན་སྒྲ་མདོ་དང་། སྙིང་ཐིག་གི་རྩ་རླུང་འཕྲུལ་འཁོར་ལག་ཁྲིད། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་སོགས་གསན། སྙན་ངག་གི་དཔེར་བརྗོད་དང་། བསྟོད་ཚོགས། བླ་མ་བརྒྱུད་པའི་རྣམ་ཐར། གསང་འདུས་རྩ་རྒྱུད། སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་པར་དུ་འཁོད་པ་གླེགས་བམ་བཅུ་བདུན་ཙམ་བཞུགས། མཐར་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ (༡༩༢༩) ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ 1866 ལོར་ཁམས་དཀར་མཛེས་འབྲུག་ལང་དགོན་འཁྲིགས་ལུང་རི་ཁྲོད་དུ་ཡབ་བསམ་གཏན་ཚེ་རིང་དང་། ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1928 ལོར་སྐུ་གཤེགས། དགུང་ལོ་བཞི་བར་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་མཚན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ལྔ་བར་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེའི་འབྲི་ཀློག་གསན། དགུང་ལོ་དགུ་བ་ནས་འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། བཀའ་འགྱུར་རིན་པོ་ཆེའི་བཀླགས་ལུང་ཡོངས་རྫོགས་དང་། གཞུང་ཆེན་སྐོར་གྱི་བཤད་ཁྲིད་དང་། གསར་རྙིང་ཟབ་ཆོས་སྐོར་གྱི་དབང་ལུང་ཐམས་ཅད་གསན། དྲུང་སར་བླ་མ་[1130]བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་བདུན་བར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཏྲེ་བོ་ཁང་ཚན་དུ་བཞུགས། མཁན་པོ་བློ་བཟང་དབང་ཕྱུག་ལས་གཞུང་བཀའ་པོད་ལྔར་གསན་སྦྱངས་རྒྱ་ཆེར་མཛད་དེ་རིགས་ལམ་རྩོད་གྲྭའི་གྲྭ་སྐོར་མཛད། དགའ་ལྡན་ཁྲི་རབས་གྱ་གཉིས་བ་ཡེ་ཤེས་ཆོས་འཕེལ་གྱི་མདུན་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་གཉིས་བར་ཁམས་སུ་ཕེབས་ཏེ་བྲག་དཀར་བྱང་ཆུབ་གླིང་དུ་གདན་འཇགས། གླིང་ཡོངས་འཛིན་མཆོག་སྤྲུལ་ལས་བསྟན་འགྱུར་གྱི་ལུང་དང་། འཇམ་བཞད་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ལས་བདེ་མཆོག་གི་ལུས་དཀྱིལ་ལ་སོགས་པའི་གསུང་ཆོས་མང་དུ་གསན་ཏེ་ཐོས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་། ཆོས་དབྱིངས་དགོན། བྲག་མགོའི་དགེ་ཐར་ལུང་། དཔལ་སྒང་སོགས་སུ་གདན་ས་མཛད་དེ་གཞུང་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་བཤད་ཁྲིད་གནང་སྟེ་ཆོས་རྭ་བསྐྱངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་། དགེ་ཐོག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག རྭ་ཧོ་མཆོག་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་བོ། འགྱུར་མེད་ཕན་བདེའི་འོད་ཟེར། དུང་ཁར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་ནོར་བཅས་ཡིན། ཁོང་གི་གསུང་རྩོམ་ནི་སྙན་ངག་གི་དཔེར་བརྗོད་དང་། བསྟོད་ཚོགས། བླ་མ་བརྒྱུད་པའི་རྣམ་ཐར། [1131] གཞུང་བཀའ་པོད་ལྔ། གསང་འདུས་རྩ་རྒྱུད། སྔགས་རྫོགས་སྐོར་གྱི་འགྲེལ་བཤད། སྒྲུབ་སྐོར་སོགས་པར་དུ་འཁོད་པ་པོ་ཏི་བཅུ་བདུན་ཙམ་བཞུགས་སོ། །
- language:
- Tibetan