- brag dgon pa dkon mchog bstan pa rab rgyas
- ID:
- T238137
- བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས (Tibetan, Tibetan script, Original)
- > brag dgon pa dkon mchog bstan pa rab rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak gönpa könchok tenpa rabgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་གཙོས་བསྟན་འཛིན་སྡེ་ཁྲོད་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ(༡༨༠༡)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་དྲུག་པར་དབལ་མང་པཎྜི་ཏ་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་བསྟན་པ་རབ་རྒྱས་སུ་གསོལ། དགུང་ལོ་དགུ་པ་ནས་དགའ་ལྡན་ཆོས་འཁོར་གླིང་དང་། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ཕྱིན་པ་གནང་ཐོག་དབུས་སུ་ལན་གཉིས་ཕེབས། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་སོགས་སྤྱིར་བླ་མ་སུམ་ཅུ་རྩ་གྲངས་ཀྱི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་གི་གདམས་པ་རྒྱ་ཆེར་གསན། ལྷག་པར་དུ་དགུང་ལོ་དགུ་པ་ནས་ང་གསུམ་གྱི་བར་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་བཅར་བཞུགས་གནང་སྟེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཅིང་མཁས་པའི་དབང་པོར་སོན། དེ་ནས་དབལ་མང་པཎྜི་ཏ་དང་། དགའ་ལྡན་ཐེ་བོ་སྤྲུལ་པའི་སྐུ། དཔའ་རིས་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མ་སོགས་མཁས་གྲུབ་དག་གིས་ཡང་ཡང་སྐུལ་མ་མཛད་པས་ཀུན་བསླངས་ཏེ། རྗེ་བསྟན་པ་རབ་རྒྱས་མཆོག་གིས་བཀའ་ཆེམས་དང་། ཆོས་འབྱུང་། དེབ་ཐེར། ལོ་རྒྱུས། རྣམ་ཐར། བསྟན་རྩིས། འཁྲུངས་རབས། གདུང་རབས། རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག རུས་མཛོད་སོགས་ལོ་རྒྱུས་རིག་པའི་རྩོམ་གཞུང་རྣམ་གྲངས་ལྔ་བརྒྱ་སུམ་ཅུ་ལྷག་གསན་གཟིགས་དང་། རྨ་ཆུ། ཀླུ་ཆུ། བསང་ཆུ། དགུ་ཆུ། ཙོང་ཆུའི་རྒྱུད་སོགས་ཡུལ་གྲུ་དང་ས་ཁུལ་མང་པོར་ཆིབས་བསྐྱོད་ཀྱིས་དྲི་གཏུགས་དངོས་ཀྱི་ཐོག་ནས《མདོ་སྨད་ཆོས་འབྱུང》རྩོམ་སྒྲིག་མཛད། རབ་བྱུང་བཅུ་བཞི་པའི་ཤིང་གླང(༡༨༦༥)ལོར་ལེགས་པར་གྲུབ། ཆོས་འབྱུང་དེའི་ནང་དོན་ཨ་མདོའི་ཡུལ་གྲུ་ཁག་གི་དགོན་མ་ལག་སོ་སོར་བྱོན་པའི་བསྟན་འཛིན་སྐྱེས་བུ་དང་། གྲྭ་རྒྱུན་མང་ཉུང་། ས་ཚིགས་རིང་ཐུང་། འབྱོར་པ་ཐོན་ཁུངས་སོགས་ཞིབ་ཏུ་གསུངས་ཤིང་། ཁྱད་པར་དུ་མདོ་སྨད་ལྗོངས་ཀྱི་བསྟན་པའི་འཕེལ་འགྲིབ་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་སློབ་གསོ། རང་བྱུང་གི་ཁམས། དགོན་སྒྲུབ་སྡེའི་གདན་རབས། ལྷ་རྟེན་ཆོས་གསུམ། དཔེ་མཛོད་གཙུག་ལག་བཅས་ཞིབ་ཅིང་རྒྱས་པ་གསལ་བ་མ་ཟད། དབུ་ན་ཆོས་འབྱུང་རྒྱལ་རབས་རྣམ་གྲངས་དྲུག་ཅུ་ལྷག་ཙམ་གྱི་མཚན་བྱང་དང་རྩོམ་པ་པོ་སོགས་བཀོད་ཡོད། རྗེ་འདི་ཉིད་ཀྱི་གཤེགས་ལོ་ཁ་གསལ་མ་རྙེད།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་གཙོས་བསྟན་འཛིན་སྡེ་ཁྲོད་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ (༡༨༠༡) ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་དྲུག་པར་དབལ་མང་པཎྜི་ཏ་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་བསྟན་པ་རབ་རྒྱས་སུ་གསོལ། དགུང་ལོ་དགུ་པ་ནས་དགའ་ལྡན་ཆོས་འཁོར་གླིང་དང་། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ཕྱིན་པ་གནང་ཐོག་དབུས་སུ་ལན་གཉིས་ཕེབས། རྗེ་འདི་ཉིད་ཀྱི་གཤེགས་ལོ་ཁ་གསལ་མ་རྙེད། གསུང་རྩོམ་གྲགས་ཅན་ལ་མདོ་སྨད་ཆོས་འབྱུང་སོགས་ཡོད།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ 1801 ལོར་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་[1133]དུ་གཏོགས་པའི་གཙོས་བསྟན་འཛིན་སྡེ་ཁྲོད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་བའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ 1866 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་བར་ཕེབས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པས་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་མཛད། དགུང་ལོ་དྲུག་པར་ཕེབས་སྐབས་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་བསྟན་པ་རབ་རྒྱས་སུ་གསོལ། དགུང་ལོ་དགུ་བ་ནས་དགའ་ལྡན་ཆོས་འཁོར་གླིང་དང་། ལྷག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་དཔྱིས་ཕྱིན་གནང་ཐོག་དབུས་སུ་ལན་གཉིས་ཕེབས། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་སོགས་སྤྱིར་བླ་མ་སུམ་ཅུ་རྩ་གྲངས་བསྟེན་ཏེ་དབང་ལུང་མན་ངག་གི་གདམས་པ་རྒྱ་ཆེར་གསན། སྒོས་སུ་དགུང་ལོ་དགུ་པ་ནས་ང་གསུམ་གྱི་བར་དུ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་དུ་བཅར་བཞུགས་གནང་སྟེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཅིང་མཁས་པའི་དབང་པོར་གྱུར། ཁོང་གི་བརྩམས་ཆོས་གྲགས་ཆེ་བ་ནི《ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ》འམ《མདོ་སྨད་ཆོས་འབྱུང》ཞེས་པ་འདི་ཡིན་ཏེ། ཁོང་གིས་ཆོས་འབྱུང་འདི་བརྩམ་པའི་གྲོགས་སུ་གྱུར་བའི་བཀའ་ཆེམས་དང་། ཆོས་འབྱུང་དེབ་ཐེར། བསྟན་རྩིས། ལོ་རྒྱུས་ཡིག་ཚང་། འཁྲུངས་རབས། གདུང་རབས། རྒྱལ་རབས། གདན་རབས། རྟོགས་བརྗོད། དཀར་ཆག་དང་རུས་[1134]མཛོད་བཅས་དཔེ་ཆ་ལྔ་བརྒྱ་སུམ་ཅུ་ལྷག་ལ་གཟིགས་པས་ཁུངས་བཙན་ཞིང་། རྨ་ཆུ་དང་ཀླུ་ཆུ། བསང་ཆུ། དགུ་ཆུ། ཙོང་ཆུའི་རྒྱུད་སོགས་ཡུལ་གྲུ་མང་པོར་ཆིབས་བསྐྱོད་མཛད་དེ། དྲི་གཏུགས་དངོས་ཀྱི་ཐོག་ནས་རྩོམ་སྒྲིག་གནང་བས་སྤྱི་ཁོག་ལ་ཚད་ཐུབ་ཀྱི་ཡིད་རྟོན་རུང་བ་སོགས་ཕུལ་དུ་བྱུང་བའི་ཁྱད་ཆོས་མང་པོ་ལྡན་པས་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པ་ཞིག་ཡོད་པ་རེད། །
- language:
- Tibetan