Skip to main content Skip to search
brag lung mkhan po dge 'dun lung rtogs rab rgyas
ID:
T238167
  • བྲག་ལུང་མཁན་པོ་དགེ་འདུན་ལུང་རྟོགས་རབ་རྒྱས (Tibetan, Tibetan script, Original)
    • > brag lung mkhan po dge 'dun lung rtogs rab rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drak lung khenpo gendün lungtok rabgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་གྱ་བདུན་པ་འདི་ཉིད་ནག་རྩ་ཡུལ་གདོང་དུ་ཡབ་ལིས་ཟི་དང་ཡུམ་ཀ་ཀྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག(༡༨༩༥)ལོར་སྐུ་འཁྲུངས། རྗེ་ཞྭ་དམར་པཎྚི་ཏ་ལས་རབ་ཏུ་བྱུང། མཚམས་རིང་ཁོང་དགེ་རྒན་དུ་བསྟེན། མཁྱེན་རབ་ཆེ་བའི་གྲགས་པ་རྒྱས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བྱ་ཁྱུང་དུ་ཕེབས་ནས་འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་སྐབས་འདི་པས་དོན་བདུན་ཅུའི་ཤོག་སྣེ་བཟུང་ནས་རྒྱལ་དབང་དང་མཉམ་གཟིགས་མཛད་པའི་སྐལ་བ་བྱུང། དགུང་ལོ་བཅོ་བརྒྱད་ཐོག་བསྡུས་གྲྭའི་དམ་བཅའ་བཞག་པར་དགེ་བཤེས་རྣམ་པའི་ཐུགས་ཟིན། ས་རལ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ལས་བསྙེན་རྫོགས་བཞེས། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང། ཆེ་ཤོས་རིན་པོ་ཆེ། ཨ་ལགས་ཁོ་ཚེ་སོགས་ཀྱི་དྲུང་ནས་ཆོས་བཀའ་ཅི་རིགས་གསན། དགུང་ལོ་ཉེར་ལྔའི་ཐོག་ལྷ་ཁང་ཉམས་གསོའི་དོན་དུ་སོག་ཡུལ་དུ་ཕེབས། ཕྱེར་ཕེབས་ནས་ལྷ་ཁང་རྟེན་བརྟེན་པ་གསར་བཞེངས་དང། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག། འདུ་ཁང་ཆེན་མོར་གན་ཇི་ར་སོགས་རྟེན་བཞེངས། དེའི་རྗེས་ནས་ཀྱང་སོག་ཡུལ་དུ་ལན་གཅིག་བྱོན། དགུང་ལོ་སོ་དྲུག་པ་ལྕགས་རྟ་(༡༩༣༠)ལོར་བྱ་ཁྱུང་གདན་ཁྲིར་ཕེབས། སློབ་གཉེར་ལ་རྟིང་སྐུལ་དང་བསྙེན་བཀུར་ཟབ། དགུང་ལོ་སོ་བརྒྱད་སྟེང་མཁན་ཁྲི་དགོངས་པ་ཞུས། བྲག་ལུང་གི་འདུ་ཁང་གསར་བཞེངས་མཛད། དགུང་ལོ་སོ་དགུའི་སྟེང་ནས་རྗེ་ཨ་བྷྱ་ཞབས་ཡབ་སྲས་ཀྱི་ཞབས་པད་བསྟེན། མི་ཏྲ་རྡོར་ཕྲེང་གི་དབང་དང་བཀའ་འགྱུར་གྱི་ལུང་སོགས་ཆོས་བཀའ་མནོག་ཆེ་བ་གསན། འཇིགས་བྱེད་བསྙེན་ཆེན་སྔ་ཕྱིར་ལན་གཉིས་བཏང། བྱ་ཁྱུང་དུ་སྔ་ཕྱེར་ཕེབས་ནས་ཁོང་གི་ཐུགས་མོས་བཞིན་ཆོས་རྒྱུན་མི་ཉུང་ཙམ་སྤེལ། དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག(༡༩༥༢)ལོའི་བོད་ཟླ་དང་པོའི་ཚེས་གཅིག་ལ་ཞི་བར་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

འདི་ཉིད་ནག་རྩ་ཡུལ་གདོང་དུ་ཡབ་ལིས་ཟི་དང་ཡུམ་ཀ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག (༡༨༩༥) ལོར་སྐུ་འཁྲུངས། རྗེ་ཞྭ་དམར་པཎྜི་ཏ་ལས་རབ་ཏུ་བྱུང་། མཚམས་རིང་ཁོང་དགེ་རྒན་དུ་བསྟེན། མཁྱེན་རབ་ཆེ་བའི་གྲགས་པ་རྒྱས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བྱ་ཁྱུང་དུ་ཕེབས་ནས་འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་སྐབས་འདི་པས་དོན་བདུན་ཅུའི་ཤོག་སྣེ་བཟུང་ནས་རྒྱལ་དབང་དང་མཉམ་གཟིགས་མཛད་པའི་སྐལ་བ་བྱུང་། དགུང་ལོ་བཅོ་བརྒྱད་ཐོག་བསྡུས་གྲྭའི་དམ་བཅའ་བཞག་པར་དགེ་བཤེས་རྣམ་པའི་ཐུགས་ཟིན། ས་རལ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ལས་བསྙེན་རྫོགས་བཞེས། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་། ཆེ་ཤོས་རིན་པོ་ཆེ། ཨ་ལགས་ཁོ་ཚེ་སོགས་ཀྱི་དྲུང་ནས་ཆོས་བཀའ་ཇི་རིགས་གསན། དགུང་ལོ་ཉེར་ལྔའི་ཐོག་ལྷ་ཁང་ཉམས་གསོའི་དོན་དུ་སོག་ཡུལ་དུ་ཕེབས། ཕྱིར་ཕེབས་ནས་ལྷ་ཁང་རྟེན་བརྟེན་པ་གསར་བཞེངས་དང་། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག འདུ་ཁང་ཆེན་མོར་གན་ཇི་ར་སོགས་རྟེན་བཞེངས། ང་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ (༡༩༥༢) ལོའི་བོད་ཟླ་དང་པོའི་ཚེས་གཅིག་ལ་ཞི་བར་གཤེགས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1895 ལོར་ནག་རྩ་ཡུལ་གདོང་དུ་ཡབ་ལིས་ཟི་དང་ཡུམ་ཀ་ཀྲོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1952 ལོར་སྐུ་གཤེགས། ཁོང་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་བྲག་ལུང་མཁན་སྤྲུལ་གྱི་ཡང་སྲིད་དུ་ཐུགས་ཐག་བཅད་ཅིང་རབ་བྱུང་བསྒྲུབས། དེ་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོག་ཆོས་སྤྱོད་བཅས་ལ་སྦྱངས་པས་མཁྱེན་རབ་ཆེ་བའི་གྲགས་པ་རྒྱས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་བྱ་ཁྱུང་དུ་ཕེབས་ནས་འཛིན་གྲྭ་སོ་སོར་དཔེ་ཁྲིད་གནང་སྐབས་འདི་བས་དོན་བདུན་ཅུའི་ཤོག་སྣེ་བཟུང་ནས་རྒྱལ་དབང་རིན་པོ་ཆེ་དང་མཉམ་གཟིགས་མཛད་པའི་སྐལ་བ་བྱུང་། དགུང་ལོ་བཅོ་བརྒྱད་པར་བསྡུས་གྲྭའི་དམ་བཅའ་བཞག་པར་དགེ་བཤེས་རྣམ་པའི་ཐུགས་ཟིན་པར་གྱུར། ས་རལ་མཁན་ཆེན་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ལས་བསྙེན་རྫོགས་བཞེས། གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་ཀྱི་མདུན་ནས་ཆོས་བཀའ་མང་དུ་གསན་པ་མཛད། དགུང་ལོ་ཉེར་ལྔ་པར་མཁན་པོ་སྒར་པའི་རྗེ་སྐུའི་ལྷ་ཁང་ཉམས་གསོའི་དོན་དུ་སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་[1138]བསྐོར་བས་ཕྱག་འབྱོར་རྒྱ་ཆེ་ཞིང་ཕྱིར་བྱོན་ནས་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག འདུ་ཁང་ཆེན་མོར་གན་ཛི་ར་སོགས་རྟེན་གསར་བཞེངས་མཛད། དགུང་ལོ་སུམ་ཅུ་སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1930 ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་ཕེབས་ནས་ལོ་གཉིས་ཀྱི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་སློབ་གཉེར་ལ་རྟིང་སྐུལ་དང་གསེར་གདུང་ལྷ་ཁང་སོགས་ཀྱི་ཁྲ་མ་ལ་ཞིབ་ཚགས་བཏོད། ཁྲི་ཟུར་ནས་བྲག་ལུང་གི་འདུ་ཁང་གསར་བཞེངས་མཛད། དགུང་ལོ་སུམ་ཅུ་སོ་དགུ་པར་རྗེ་ཨ་བྷྱ་ཡབ་སྲས་ཀྱི་ཞབས་པད་ལ་བསྟེན་ནས་མི་ཏྲ་རྡོར་ཕྲེང་གི་དབང་དང་བཀའ་འགྱུར་གྱི་ལུང་སོགས་ཆོས་བཀའ་མནོག་ཆེ་བ་རྣམས་གསན། དེ་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་བ་མཛད་མུར་དགུང་ལོ་ལྔ་བཅུ་ང་བརྒྱད་པ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བྲག་ལུང་མཁན་སྤྲུལ་གྱི་སྐུ་ཕྲེང་དྲུག་པ་ཡིན་ལ། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བརྒྱ་དང་བདུན་པ་ཡིན་ནོ། །

language:
Tibetan