- bla brang phyag mdzod las khungs
- ID:
- T238247
- བླ་བྲང་ཕྱག་མཛོད་ལས་ཁུངས (Tibetan, Tibetan script, Original)
- > bla brang phyag mdzod las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > labrang chak dzö lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་ལྷ་ས་གཙུག་ལག་ཁང་གི་ནུབ་ཏུ་ཡོད་པའི་དབང་གི་ལས་ཁུངས་བླ་བྲང་ཕྱག་མཛོད་ཅེས་པ་དེ་ཡིན་ཞིང་། ཚུགས་ཡུལ་འཁྱམས་རའི་སྟེང་ཡིན་པ་འདི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་གསར་དུ་ཚུགས། ལས་ཁུངས་འདིས་སྨིན་ལམ་གྱི་གཏོང་སྒོའི་ལས་འགན་འཁུར་བས་སྨོན་ལམ་ཐོག་མར་སྲོལ་འཛུགས་མཛད་མཁན་རྗེ་ཙོང་ཁ་པའི་བླ་བྲང་གི་མིང་དེ་ཆགས། འདིའི་འགོ་འཛིན་བླ་ཕྱག་མཁན་ཆུང་གཉིས་དང་རིམ་བཞི་དྲུང་འཁོར་གཅིག རྗེས་སུ་བླ་ཕྱག་ལས་འཕར་ཞེས་རྩེ་ཤོད་གང་རུང་ཞིག་འཕར་འཛུགས་བྱས་པའང་བྱུང་འདུག དེ་འོག་ཕྱག་དྲུང་གཅིག(དྲུང་གཏོགས)དང་། ཕྱག་ནང་ཉི་ཤུ་རྩ་བཞི། ཤའོ་ལི་བཞི། (ཕྱག་ནང་འོས་སྒུག)བླ་བྲང་ཁང་གཉེར་དང་བཟོ་ཁང་དོ་དམ་པ་རྩེ་དྲུང་རེ། གད་པ་མི་བརྒྱད་ཙམ་བཅས་ཡོད། ལས་ཁུངས་འདིས་རྫོང་གཞིས་ཁག་གི་ལོ་འཁོར་ཡོང་འབབ་འབྲུ་རིགས་ཤ་མར་སོགས་བསྡུ་ལེན་དང་། ཐེབས་སྦྱར་མ་དངུལ(ཕྱིས་ཐེབས་སྦྱར་མ་དངུལ་ཇེ་རྒྱས་སུ་སོང་སྟེ་ཐེབས་སྦྱར་ལས་ཁུངས་ཟེར་བ་ཞིག་གསར་དུ་བཙུགས)སྐྱེད་གཏོང་དང་སྐྱེད་འབབ་ཀྱིས་སྨོན་ལམ་དང་ཚོགས་མཆོད་སྐབས་གྲྭ་པར་འགྱེད་དངུལ་དང་། ཇ་ཐུག སེ་འབྲས་དགའ་གསུམ་གྱི་ཚོགས་ཆེན་རྒྱུན་ཇ་བཅས་ཀྱི་འགྲོ་གྲོན་གཏོང་རྒྱུའི་དོ་དམ་བྱེད་པ། གཙུག་ལག་ཁང་གི་ཉེ་བསྐོར་དུ་ཡོད་པའི་ལས་ཁུངས་ཁག་གི་དགིས་མཁོ་སྤྲོད་རྒྱུ། ཏཱ་ལའི་བླ་མ་ལྷ་ས་བླ་བྲང་སྟེང་བཞུགས་སྐབས་ཀྱི་དགོས་མཁོ་ནར་གཏོང་དང་འབྲེལ་དེ་གར་བཞུགས་རིང་གི་འབུལ་བ་བདག་གཉེར་དང་། གནང་ཆ་སྤྲོད་པ། ནང་གཟན(ཕྱག་ནང)རེས་འཁོར་གྱིས་མཚོ་སྣ་དང་། ཕག་རི། གཏིང་སྐྱེས་བཅས་པར་འབྲས་སྒྲུབ་པར་བཏང་སྟེ་སྨོན་ལམ་འཚོག་སྐབས་ཀྱི་བཞེས་ཐུག་གི་རྒྱུ་དང་། སྔ་དུས་ཡ་མོན་དང་ཨམ་བན་སོགས་བོད་དུ་སྡོད་སྐབས་ཀྱི་བཟའ་འབྲུར་འབྲས་སྤུས་འདོན་ཡང་བྱེད་པ་བཅས་ཀྱི་འགན་དབང་སྤྱོད་པ་སོགས་མདོར་ན་ལས་ཁུངས་འདི་ནི་ས་གནས་སྲིད་གཞུང་གི་ནོར་སྲིད་ཡོང་འབབ་བསྡུ་ལེན་དང་འགྲོ་གྲོན་གཏོང་སྒོའི་དོ་དམ་ལས་ཁུངས་ཆེ་ཤོས་ཤིག་ཡིན། བླ་བྲང་ཕྱག་མཛོད་ལས་ཁུངས(བླ་ཕྱག)ཀྱི་ལས་བྱེད་དོ་དམ་མི་སྣ་སོ་སོའི་གོ་མིང་ལྟར་འགན་དབང་སྤྱོད་ཕྱོགས་ནི། ༡.བླ་ཕྱག་མཁན་ཆུང་དང་རིམ་བཞི། འདི་དག་གིས་གོང་གསལ་བླ་ཕྱག་གི་འགན་དབང་དང་འབྲེལ་བའི་ལས་དོན་ལ་བཀོད་འདོམས་ཐག་གཅོད་བྱེད་པ་དང་། ༢.ཕྱག་དྲུང་། འདིས་བླ་ཕྱག་གི་ལས་དོན་དང་འབྲེལ་བའི་ཡིག་འབྲིའི་བྱ་བ་རྣམས་བྱས་ཏེ་བཀའ་ཤག་ལ་མཚོན་ན་བཀའ་དྲུང་དང་འདྲ། ༣.བཟོ་ཁང་དོ་དམ་པས་ལྷ་བྲིས་པ་དང་། འཇིམ་བཟོ་བ། འཚེམ་བཟོ་བ་བཅས་ཀྱི་འགོ་ཁྲིད་བྱས་ཏེ་གཙུག་ལག་ཁང་གི་ཇོ་བོ་སོགས་ལ་ཞལ་གསེར་འབུལ་མཁན་བྱུང་རིགས་ཀྱི་གསེར་ཏཱ་ལའི་བླ་མའི་སྤྱན་ཞུར་གཏོང་སྤུས་ཚད་ལེན་པ་དང་། གཞུང་ཁྲལ་བསྐུལ་འདེད་བཅས་བྱེད་པ། ༤.བླ་བྲང་ཁང་གཉེར། འདིས་བླ་བྲང་སྟེང་གཟིམ་ཆུང་ཁག་དང་དེ་འབྲེལ་དངོས་རྫས་བདག་གཉེར་དང་། གད་པ་རྣམས་ལ་སྐོང་འཐེན་འགོ་འདོམས་བྱེད། ༥.ཕྱག་ནང་། བླ་བྲང་ཕྱག་མཛོད་ལས་ཁུངས་ཏེ་བླ་ཕྱག་གི་ནང་གཟན་ཡིན་པས་ཕྱག་ནང་ཞེས་བྱ་ཞིང་། འདི་དག་གིས་མཚོ་སྣ་དང་། ཕག་རི། གཏིང་སྐྱེས་བཅས་པའི་འབྲས་སྒྲུབ་དང་། སྟོད་ཕྱོགས་སོགས་ས་གནས་ཁག་ལ་ཡོད་པའི་བླ་ཕྱག་གི་གཞུང་རུའི་ཤེ་འབབ་བསྡུ་ལེན་སོགས་ཕྱི་འགྲོའི་རིགས་དང་། བླ་ཕྱག་ངོ་མ་མཁན་ཆུང་དང་རིམ་བཞིའི་ལྟ་སྐུལ་འོག་འབྲུ་དངུལ་ཤ་མར་འདོན་འཇུག་སོགས་ལ་མིག་ལྟ་རྒྱང་སྲུང་དང་། གང་མཁོའི་ཙག་ཙིག་གི་ལས་དོན་རྣམས་སྒྲུབ་པར་བྱེད། ༦.ཤའོ་ལི། འདི་ནི་ཕྱག་ནང་འོས་སྒུག་ཡིན་པས་ཁྲལ་བསྡུ་ཁྲིམས་གནིན་སོགས་ཕྱི་འགྲོའི་རིགས་ལ་འགྲོ་དབང་མེད་ཅིང་། རྒྱུན་དུ་ལས་ཁུངས་ནང་ཕྱག་ནང་བྱིངས་དང་འདྲ་བར་བླ་ཕྱག་ངོ་མའི་བཀོད་དོན་ལྟར་ལས་དོན་སྒྲུབ་དགོས་པ་ཡིན། ༧.གད་པ། འདི་དག་གིས་བླ་བྲང་ཁང་གཉེར་གྱི་བཀོད་དོན་འོག་གཟིམ་ཆུང་སོགས་ལས་ཁུངསམཀྱི་ཕྱི་ནང་བར་གསུམ་ལ་གད་བདར་དངོས་རྫས་བདག་གཉེར་སོགས་གར་མཁོའི་ལྕི་ལས་རྣམས་བྱེད།
- language:
- Tibetan
2. Thupten Phuntsok Dictionary
འདི་ནི་ལྷ་ས་གཙུག་ལག་ཁང་གི་ནུབ་ཏུ་ཡོད་པའི་དབང་གི་ལས་ཁུངས་བླ་བྲང་ཕྱག་མཛོད་ཅེས་པ་དེ་ཡིན་ཞིང་། ཚུགས་ཡུལ་འཁྱམས་རའི་སྟེང་ཡིན་པ་འདི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་གསར་དུ་ཚུགས། ལས་ཁུངས་འདིས་སྨོན་ལམ་གྱི་གཏོང་སྒོའི་ལས་འགན་འཁུར་བས་སྨོན་ལམ་ཐོག་མར་སྲོལ་འཛུགས་མཛད་མཁན་རྗེ་ཙོང་ཁ་པའི་བླ་བྲང་གི་མིང་དེ་ཆགས། འདིའི་འགོ་འཛིན་བླ་ཕྱག་མཁན་ཆུང་གཉིས་དང་རིམ་བཞི་དྲུང་འཁོར་གཅིག རྗེས་སུ་བླ་ཕྱག་ལས་འཕར་ཞེས་རྩེ་ཤོད་གང་རུང་ཞིག་འཕར་འཛུགས་བྱས་པའང་བྱུང་འདུག་གོ །
- language:
- Tibetan