- dbal mang dkon mchog rgyal mtshan
- ID:
- T238428
- དབལ་མང་དཀོན་མཆོག་རྒྱལ་མཚན (Tibetan, Tibetan script, Original)
- > dbal mang dkon mchog rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > wal mang könchok gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་རྨ་གཡང་ཕྱུག་མོའི་གཞུང་དུ་ཡབ་དབང་གྲགས་སྐྱབས་དང་ཡུམ་བདེ་ཟ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ(༡༧༦༤)ལོར་འཁྲུངས། དགུང་ལོ་དྲུག་ཏུ་བཀྲ་ཤིས་འཁྱིལ་དགོན་དུ་ཆོས་ཞུགས་མཛད། རྗེ་འཇིགས་མེད་དབང་པོའི་དྲུང་ནས་རབ་བྱུང་སྡོམ་པ་བཞེས་ཏེ་མཚན་དཀོན་མཆོག་རྒྱལ་མཚན་ཞེས་བསྩལ། དགུང་ལོ་བདུན་ལོན་སྐབས་རྒྱུད་པ་རྒན་བསམ་གཏན་སེང་གེ་ནས་ཀློག་བསླབས། དགུང་ལོ་བརྒྱད་ལ་འདོད་ཆ་ཡོངས་རྫོགས་ཐུགས་འཛིན་གྲུབ། དགུང་ལོ་བཅུ་གཅིག་སྐབས་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ལ་གསན་བཞེས་མཛད། རྡོ་རམས་པ་ཚུལ་ཁྲིམས་སེང་གེ་དགེ་རྒན་དུ་བསྟེན། བསྡུས་གྲྭ། བློ་རྟགས། རྟགས་རིགས་རང་ལུགས། གྲུབ་མཐའ་རིན་ཆེན་ཕྲེང་བ། དགེ་འདུན་ཉི་ཤུའི་མཐའ་དཔྱོད་ཆེན་མོ། ཕར་ཕྱིན་སྐབས་བཞི་པ་ཡན། གྲུབ་མཐའ་ཆེན་མོ་རྣམས་ཐུགས་འཛིན་གནང་། སྐབས་འདི་དག་ཏུ་སྐུ་ཆས་བཀྲེན་པས་བྲག་ཇ་དང་གཏོར་སྐམ་གྱི་བཞེས་ཐུག་བསྐོལ། བཞུགས་གདན་ཙམ་ཡང་མེད་པར་ཉིན་མཚན་ཀུན་ཏུ་ས་རྗེན་ལ་བཞུགས། གཟིམ་ཤག་ཏུ་ཡང་གྲང་དུས་ཟླ་གམ་བཞེས་ནས་བཞུགས་པ་ལས་ན་བཟའ་གཞན་མེད་པ་སོགས་སྐུ་ངལ་ཆེན་པོ་བྱུང་ཡང་ཞུམ་པ་མེད་པར་ཐོས་བསམ་ཁོ་ན་ལ་གཞོལ། ཆུ་སྟག་དགུན་ཆོས་ལ་ཕར་ཕྱིན་སྟོན་མོ་མཛད། དགུང་ལོ་ཉི་ཤུར་ཕེབས་སྐབས་བླ་མ་ངག་དབང་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཉིས་ཐོག་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་ལྔར་གསེར་ཁང་གསར་བཞེངས་ཀྱི་ཆེད་མཚོ་སྔོན་ཁུལ་ལ་འབུལ་སྡུད་ལ་ཕེབས། བླ་མ་བློ་བཟང་ཡར་འཕེལ་དང་གཙང་རབ་འབྱམས་པ་བསྟན་པ་དར་རྒྱས་གཉིས་ལས་རྩིས་སྐོར་དང་། མེར་རྒན་ཆོས་རྗེ་སོགས་ཀྱི་དྲུང་ནས་དབྱངས་ཅན་སྒྲ་མདོའི་རི་མོ་ལག་བྲིས་བསླབས། སྐབས་མཚམས་ནམ་འགྲིག་ལ་དཔེ་མཚམས་དང་བསྙེན་པ་ལས་རུང་འགའ་ཞིག་གནང་། དགུང་ལོ་ཉེར་དགུའི་ཐོག་རྡོ་རམས་པའི་མཚན་རྟགས་བཞེས། དགུང་ལོ་སུམ་ཅུར་རྒྱུད་པའི་ཁྲིར་ཕེབས། དགུང་ལོ་སོ་བཞིར་ཀུན་མཁྱེན་འཇིགས་མེད་དབང་པོའི་ཡང་སྲིད་ཆེད་ལྷ་སར་ཕེབས། རྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱི་གསེར་ཞལ་མཇལ་ཏེ་ཆོས་འབྲེལ་དང་། ཏྲེ་ཁྲི་ཆེན་བློ་བཟང་བཀྲ་ཤིས། བ་རི་དགེ་བཤེས་ཁྱབ་བདག བཀྲས་ལྷུན་ཡོངས་འཛིན་ཞལ་སྔ་རྣམ་གཉིས་སོགས་ལས་བཀའ་ཆོས་རྒྱུན་དཀོན་མང་དུ་གསན། ས་རྟ་ལོར་མདོ་སྨད་དུ་ཆིབས་བསྒྱུར། དེ་ནས་མཛོད་དགེ་དགོན་གསར་རབ་རྒྱས་གླིང་གསར་འདེབས་ཀྱི་རྡོ་རྗེ་སློབ་དཔོན་དུ་བསྐོས། སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་གསར་བསྒྲིགས་རྣམ་གྲངས་དུ་མ་བཞེངས། གཞན་ཡང་དགོན་སྡེ་མང་པོར་སྒྲུབ་མཆོད་དུ་མ་གསར་འཛུགས་གཏོང་ཐེབས་དང་སྤྱི་འཇོག་མང་འགྱེད་འཚེམ་ལུས་མེད་པ་གནང་། དགུང་ལོ་ཞེ་གཅིག་ནས་ཞེ་དྲུག་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་ཉི་ཤུ་རྩ་བཞི་པའི་ཐུགས་འགན་བཞེས། དགུང་ལོ་ཞེ་བདུན་ནས་ལྔ་བཅུ་བར་རབ་རྒྱས་གླིང་དགོན་པའི་ཁྲིར་བཞུགས། དགུང་ལོ་ང་གཅིག་ནས་དོན་ལྔའི་བར་ཨ་ཆོག་དགོན་དང་བསྟན་འཕེལ་གླིང་གི་ཁྲི་འཛིན་མཛད། དེ་སོ་སོར་མདོ་སྔགས་ཀྱི་མཆད་ཉན་སྒྲིག་ལམ་དག་ཐེར་དང་བཅོས་བསྒྱུར་ཡང་ཡང་མཛད་དེ་བཤད་སྒྲུབ་བསྟན་པའི་རྐང་ཚུགས། བྱང་གྲུ་གུ་ནས་ལྷོ་ཟི་ཁྲོན་བར་དགོན་སྡེ་དང་རི་ཁྲོད་སོགས་ལ་གཟབ་རྒྱས་ཀྱི་ཆོས་འཁོར་ཤིན་ཏུ་རྒྱ་ཆེར་བསྐོར། 《བཀྲ་ཤིས་འཁྱིལ་གྱི་གདན་རབས》དང་། 《རྗེ་བླ་མ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཐར་འདོད་འཇུག་ངོགས》《གྲུབ་མཐའི་དྲིས་ལན་ཕྱོགས་ལྷུང་མུན་སེལ》《བྱང་ཆུབ་བདེ་ལམ་གྱི་ཟིན་བྲིས་གནད་དོན་གསལ་བ》《མདོ་སྡེ་རྒྱན་གྱི་འགྲེལ་པ་ཐུབ་བསྟན་རྒྱས་པའི་མེ་ཏོག》《ལྟ་བའི་ཟིན་བྲིས་འོད་ཟེར་སྟོང་འབར》《རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པད་མོ་བཞད་པའི་ཉིན་བྱེད》《རྟེན་འབྲེལ་བསྟོད་པའི་ཊཱིཀྐ་རིན་ཆེན་ལྗོན་ཤིང》《བདེ་ལམ་ཟིན་བྲིས་སྙིང་གི་མེ་ལོང》སོགས་བཀའ་རྩོམ་པོད་བཅུ་གཉིས་ཙམ་མཛད། སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་པ་གསར་བཞེངས་གནང་། སྔ་ལོ་ནས་ན་བཟའ་དང་ཉེར་སྤྱད་འགངས་ཆེན་ཇི་ཡོད་སྤོང་ཐག་གི་ཚུལ་དུ་འགྱེད་བཏང་སྟེ། དགུང་ལོ་དགུ་བཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་གླང(༡༨༥༣)ལོའི་བོད་ཟླ་དྲུག་པའི་ཡར་ཚེས་ལ་བསམ་བཞིན་དུ་གཟུགས་སྐུའི་བཀོད་པ་བསྡུས་ཚུལ་བསྟན།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་རྨ་གཡང་ཕྱུག་མོའི་གཞུང་དུ་ཡབ་དབང་གྲགས་སྐྱབས་དང་ཡུམ་བདེ་ཟ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ (༡༧༦༤) ལོར་འཁྲུངས། དགུང་ལོ་དྲུག་ཏུ་བཀྲ་ཤིས་འཁྱིལ་དགོན་དུ་ཆོས་ཞུགས་མཛད། རྗེ་འཇིགས་མེད་དབང་པོའི་དྲུང་ནས་རབ་བྱུང་སྡོམ་པ་བཞེས་ཏེ་མཚན་དཀོན་མཆོག་རྒྱལ་མཚན་ཞེས་བསྩལ། དགུང་ལོ་བདུན་ལོན་སྐབས་རྒྱུད་པ་རྒན་བསམ་གཏན་སེང་གེ་ནས་ཀློག་བསླབས། དགུང་ལོ་བརྒྱད་ལ་འདོན་ཆ་ཡོངས་རྫོགས་ཐུགས་འཛིན་གྲུབ། དགུང་ལོ་བཅུ་གཅིག་སྐབས་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ལ་གསན་བཞེས་མཛད། རྡོ་རབས་པ་ཚུལ་ཁྲིམས་སེང་གེ་དགེ་རྒན་དུ་བསྟེན། བསྡུས་གྲྭ། བློ་རྟགས། རྟགས་རིགས་རང་ལུགས། གྲུབ་མཐའ་རིན་ཆེན་ཕྲེང་བ། དགེ་འདུན་ཉི་ཤུའི་མཐའ་དཔྱོད་ཆེན་མོ། གུང་རུའི་རྟེན་འབྲེལ། དྲང་ངེས་རྣམ་འབྱེད་ཆེན་མོ། ཕར་ཕྱིན་སྐབས་བཞི་པ་ཡན། གྲུབ་མཐའ་ཆེན་མོ་རྣམས་ཐུགས་འཛིན་གནང་། བཀྲ་ཤིས་འཁྱིལ་གྱི་གདན་རབས》དང་། རྗེ་བླ་མ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཐར་འདོད་འཇུག་ངོགས》 གྲུབ་མཐའི་དྲིས་ལན་ཕྱོགས་ལྷུང་མུན་སེལ》 བྱང་ཆུབ་བདེ་ལམ་གྱི་ཟིན་བྲིས་གནད་དོན་གསལ་བ》 མདོ་སྡེ་རྒྱན་གྱི་འགྲེལ་པ་ཐུབ་བསྟན་རྒྱས་པའི་མེ་ཏོག》 ལྟ་བའི་ཟིན་བྲིས་འོད་ཟེར་སྟོང་འབར》 རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་ཐར་དད་པའི་པད་མ་བཞད་པའི་ཉིན་བྱེད》 རྟེན་འབྲེལ་བསྟོད་པའི་ཊཱིཀྐ་རིན་ཆེན་ལྗོན་ཤིང》 བདེ་ལམ་ཟིན་བྲིས་སྙིང་གི་མེ་ལོང》 སོགས་བཀའ་རྩོམ་པོད་བཅུ་གཉིས་ཙམ་མཛད། སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལང་པ་གསར་བཞེངས་གནང་། སྔ་ལོ་ནས་ན་བཀའ་དང་ཉེར་སྤྱད་འགངས་ཆེན་ཇི་ཡོད་སྤོང་ཐང་གི་ཚུལ་དུ་འགྱེད་བཏང་སྟེ། དགུང་ལོ་དགུ་བཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་གླང་ (༡༨༥༣) ལོའི་བོད་ཟླ་དྲུག་པའི་ཡར་ཚེས་ལ་བསམ་བཞིན་དུ་གཟུགས་སྐུའི་བཀོད་པ་བསྡུས་ཚུལ་བསྟན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1764 ལོར་ད་ལྟ་ཀན་ལྷོའི་བསང་ཆུ་རྫོང་ལ་གཏོགས་པའི་བསང་གཞུང་ཚར་ཚའི་རྒྱུད་དུ་ཡབ་དབང་དྲག་སྐྱབས་དང་། ཡུམ་བདེ་བཟའ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1853 ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཀུན་མཁྱེན་འཇིགས་མེད་དབང་པོས་དབལ་མང་བློ་བཟང་དོན་གྲུབ་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་དེ་གདན་སར་བཀོད། རྒྱུད་པ་དགེ་བཤེས་བསམ་གཏན་སེང་གེ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་ཏེ་ཆོས་སྤྱོད་དང་རྒྱན་འཇུག་སོགས་ཐུགས་སུ་འཛིན། དགུང་ལོ་བཅུ་གཅིག་[1185]པར་ཆོས་གྲྭར་ཞུགས་ཏེ་བརྩི་བཞག་དང་། བསྡུས་གྲྭ། བློ་རིགས། རྟགས་རིགས། གྲུབ་མཐའ་བཅས་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་དགུ་པར་ཀུན་མཁྱེན་མཆོག་ལས་བསྙེན་པར་རྫོགས། དགུང་ལོ་སུམ་ཅུ་བར་རྡོ་རམས་པའི་མཚན་བཏགས་བླངས། དགུང་ལོ་སོ་བཞི་བར་ཀུན་མཁྱེན་མཆོག་སྤྲུལ་བཙལ་བའི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་ཞེ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ལ་ཕེབས་ཏེ་བཅའ་ཡིག་སོགས་སྒྲིག་ལམ་ཐད་ལ་དག་ཐེར་དང་དོ་དམ་གང་ལེགས་མཛད་པ་རེད། འདུ་ཁང་སྟེང་ཤོད་དུ་མཉམ་མེད་ཇོ་བོ་ཆེན་པོ། ཁུ་རྔོག་འབྲོམ་གསུམ་སོགས་བཀའ་གདམས་གོང་མ་རགས་བསྡུས་ཀྱི་སྐུ་བརྙན་ལི་མ་ནང་བཞུགས་ཀྱི་བཀའ་གདམས་ལྷ་ཁང་གནམ་རྒྱན་མཆོད་ཆ་དང་བཅས་པ་གསར་དུ་བསྒྲིགས། གཞན་ཡང་རྒྱུད་ཁང་གསར་བཞེངས་དང་མགོན་ཁང་དུ་མགོན་ཆོས་འཛིགས་གསུམ་གྱི་སྐུ་བརྙན་བཞེངས། བསྟན་པའི་རྟེན་རྣམས་ལེགས་པར་བཞེངས་ཏེ་ཕྱི་རབས་པ་ལ་ཕན་བདེར་བསྒྲུབས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དབང་ལུང་མན་ངག་གི་གཏེར་མཛོད་ཆེན་པོ་རྗེ་ཤེས་རབ་རྒྱ་མཚོ་དང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། སུ་ཉིད་དཀོན་མཆོག་ནོར་བུ་བཅས་ཡིན། ཁོང་གི་གསུང་རྩོམ་ནི་གདན་རབས་དང་། རྣམ་ཐར། ལོ་རྒྱུས། གཞུང་འགྲེལ་རྒྱུད་འགྲེལ་སོགས་བསྟན་བཅོས་ཆིག་བརྒྱ་སུམ་ཅུ་ལྷག་ཙམ་ཡོད་པ་རྣམས་པོ་ཏི་བཅུ་ཐམ་པར་བསྡུས་ཏེ་ཤིང་པར་བརྐོས་ནས་ཨ་མཆོག་དགོན་དུ་བཞུགས་ཡོད། [1186]
- language:
- Tibetan