Skip to main content Skip to search
'bri gung rgyal ba rin chen phun tshogs
ID:
T238741
  • འབྲི་གུང་རྒྱལ་བ་རིན་ཆེན་ཕུན་ཚོགས (Tibetan, Tibetan script, Original)
    • > 'bri gung rgyal ba rin chen phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drigung gyalwa rinchen püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲི་གུང་གདན་རབས་བཅུ་དྲུག་པ་འདི་ཉིད་གཞུའི་ས་ཆ་ལས་སྐུ་གཉེར་སྒང་ཞེས་པར་ཡབ་བསྟན་པའི་རྒྱལ་མཚན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱིས་སྲས་སུ་རབ་བྱུང་དགུ་པའི་ས་སྦྲུལ(༡༥༠༩)ལོར་སྐུ་བལྟམས། དགུང་ལོ་བརྒྱད་པ་གདན་ས་ཐེལ་ཏུ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པས་མཁན་པོ་དང་ལས་སློབ་དུས་སྒོ་སོགས་ཁ་བསྐོང་གྲངས་ཚང་གི་དབུས་སུ་བར་མ་རབ་བྱུང་དུ་བསྒྲུབས། མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོར་གསོལ། དེ་ནས་འཕྱོངས་རྒྱས་སུ་རྗེ་ཞྭ་དམར་བཞི་པ་དང་སོགས་གསང་སྔགས་ཀྱི་ཆོས་སྐོར་དུ་མ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་རྗེས་གནང་བ་མང་པོ་གསན། ཡར་ཟོན། འཕྱོང་རྒྱས། སྣེའུ་གདོན་རྩེ་རྣམས་སུ་ལོ་བཞིའི་བར་བཞུགས། དེ་ནས་སྤུན་དྲུག་རྫོང་། ཡར་བོན། བཀྲ་ཤིས་དོ་ཁ། གསེར་ལ་སོགས་བརྒྱུར་སྟོད་ལུང་བདེ་ཆེན་དང་ཡངས་པ་ཅན་དུ་ཕེབས། མཚུངས་མེད་ངྷརྨ་ཀིརྟིའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྣམས་གསན་པའི་ཚེ་དུ་བ་ལ་སོགས་རྟགས་བཅུ་མངོན་དུ་གྱུར། དགུང་ལོ་བཅུ་གསུམ་པར་འཕགས་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་གནང་བའི་ཚེ་ཡིད་བཞིན་ནོར་མཆོག་གི་གདམས་པ་རྣམས་བྱུང་། དེ་ལྟར་ལོ་བདུན་གྱི་བར་ཡངས་ཅན་ཉིད་དུ་བཞུགས་ནས་རྗེ་ཞྭ་དམར་བཞི་པ་སོགས་ཡོངས་འཛིན་དུ་མ་བསྟེན་ཅིང་། གསང་སྔགས་ཀྱི་དབང་རྗེས་གནང་དུ་མ། ཀརྨ་ཞྭ་དམར་ནག་ན་རིམ་གྱི་བཀའ་འབུམ། གཞན་ཡང་གདམས་པའི་ཆོས་མང་དུ་གསན། གསར་རྙིང་རྒྱུད་སྡེའི་བསྐྱེད་རྫོགས་དཀྱིལ་ཆོག་དབང་ལས་རབ་འབྱམས་སོགས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སྒྲ་ཀཱ་ལ་པ་དང་དུས་འཁོར་གྱི་རྩིས་སོགས་ལ་སྦྱང་པ་མཛད་པས་ཐོགས་མེད་དུ་མཁྱེན། དགུང་ལོ་བཅུ་དྲུག་པ་ལ་རྒྱལ་པ་ཀུན་དགའ་རིན་ཆེན་གྱི་དྲུང་དུ་མོས་གུས་སྲོག་འཁོར་དབང་ཁྲིད་ཞལ་གདམས་བཅས་པ་དང་། ཕྱག་རྒྱ་ཆེན་པོ་ལྔ་ལྡན། དགུན་ཆོས་སྐབས་ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་གསན་ཅིང་རས་ཕུད་མཛད་པས། སྒྲུབ་རྒྱུད་རིན་པོ་ཆེའི་ལམ་འདིར་ངོས་ཤེས་ཉམས་མྱོང་གིས་གནས་ལུགས་ཀྱི་རྟོགས་པའི་དོན་མངོན་དུ་གྱུར། དགུང་ལོ་ཉི་ཤུ་པ་ས་བྱི(༡༥༢༨)ལོར་ཆོས་ལུང་ཚོགས་པའི་མཁན་ཆེན་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་བསོད་ནམས་དཔལ་བཟང་། གསང་སྟོན་གྲུབ་ཆེན་ཚེ་འཕེལ་བཟང་པོ་སོགས་ཁ་བསྐོང་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། ལོ་དེར་འབྲི་གདན་ཆོས་སྲིད་ཀྱི་ཁྲིར་མངའ་གསོལ། གངས་ཏི་སི། ལ་ཕྱི། ཙཱ་ཏི་ཏྲ་སོགས་གནས་གསུམ་གྱི་རྡོ་རྗེ་འཛིན་པ་ཁྲི་པ་བསྐོ་གཞག་དང་། དབྱར་ཆོས་དགུན་ཆོས་སོགས་སྔར་སྲོལ་ཇེ་རྒྱས། རྗེ་སྐྱོབ་པའི་ཐུགས་དམ་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་རྒྱས་ལྷ་ལྔའི་དཀྱིལ་ཆོག་མཛད་པ། དམ་པའི་ཆོས་དགོངས་པ་གཅིག་པའི་གསུངས་པར་བཞེངས་ཏེ་རྒྱ་ཆེར་སྤེལ་བ་སོགས་འབྲི་བསྟན་པ་བྱ་བ་རླབས་ཆེ། ཡི་དམ་ཆོས་སྲུང་རྣམས་ཀྱི་བསྙེན་སྒྲུབ་གནང་ཞིང་། ཁྱད་པར་རྒྱ་སྟོན་དབོན་པོ་རིག་འཛིན་གསང་བ་ལས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་ཇི་སྙེད་པ་གསན། བསྙེན་སྒྲུབ་མཛད་པའི་ཚེ་རྟགས་མཚན་གཞུང་དང་མཐུན་པ་མངོན་དུ་གྱུར། གྲུབ་ཆེན་ཛཱ་ཧ་པིར་གྱི་དངོས་སློབ། གུ་རུ་བཛྲ་ནཱ་ཐ་ལས་རླུང་ཁྲིད་ཀྱི་གདམས་པ་གསན་ཏེ་ཉམས་སུ་བཞེས་པའི་ཚེ། སྐུ་ལུས་ལྟར་བསྒྱུར་བ་དང་མདུན་མཁར་རྣམ་བཞིའི་མགྲོན་གྱི་ཚོགས་གཟིགས་ཤིང་། འགྲོ་དྲུག་གི་བྱ་སྤྱོད་དང་སེམས་རྒྱུད་གསལ་བར་མཁྱེན་པ་སོགས་ལྟས་ངོ་མཚར་བ་བྱུང་། དགུང་ལོ་ཉེར་དྲུག་ལ་ཕེབས་པ་ཤིང་རྟ(༡༥༣༤)ལོར་རྗེ་རིན་ཆེན་རྣམ་རྒྱལ་ཕྱི་མ་དེ་ཉིད་གདན་ཁྲིར་མངའ་གསོལ་ནས་རྗེ་ཉིད་གཞུ་སྨད་སྤྲོ་ལང་དུ་བཞུགས། དེ་ནས་བསྟན་འགྲོའི་དོན་འབའ་ཞིག་ཐུགས་དབུས་སུ་འཆང་སྟེ་ཐུབ་བསྟན་ཆོས་གྲྭ་ཆེན་པོ་ཡངས་རི་སྒར་གྱི་ལྕོག་གྲྭ་འདུས་སྡེ་འཛུགས་པར་མཛད། བདེ་མགོན་གྱི་ལས་རིམ་གཞུང་སོགས་ལ་གདངས་དབྱངས་མཛད་ཅིང་གར་དབྱངས་ཀྱི་རྣམ་བཞག་སོགས་དར། དེ་ནས་སྒར་པ་དང་བཅས་རྒྱལ་ཤོད། ཨ་ལ་རྔོད་གངས་ཤོད་རྣམས་སུ་ཕེབས་ནས་གང་ལ་གང་འདུལ་ཆོས་ཀྱི་བདུད་རྩིས་ཚིམ་པར་གནང་། ཟླ་དགོན་དུ་ཕེབས་ཏེ་ལུགས་གཉིས་ཀྱི་སྒོ་ནས་དགོན་གནས་ཉམས་པ་གསོས་ཤིང་སྒྲུབ་བརྒྱུད་འདི་ཉིད་ཀྱི་རིང་ལུགས་དར་བར་མཛད། སྔ་ཕྱིར་མངའ་རིས་རིག་འཛིན་བདུད་འཇོམས་རྡོ་རྗེ་ལས། གྱང་ལུགས་བཀའ་བརྒྱད་བདེ་འདུས། བླ་མ་དགོངས་འདུས། བྱང་གཏེར་སོགས་དང་། རྒྱ་མ་མི་འགྱུར་ཀུན་དགའ་དཔལ་ལས་ཡང་བསྐྱར་བཀའ་བརྒྱད་དང་། སྙིང་ཐིག་ཡ་བཞི་སོགས་དང། མངའ་རིས་པཎ་ཆེན་ལས་ཀྱང་སྔ་འགྱུར་ཆོས་མང་དུ་གསན་ཅིང་། ཁྱད་པར་བཀའ་བརྒྱུད་བདེ་འདུས་ཀྱི་དབང་སྒྲུབ་ཁྲོ་རོལ་གར་འཆམ་སོགས་ཕྱག་བཞེས་མཛད་པས་དུས་དེ་ནས་བསྟན་པ་གཉིས་ལྡན་གྱི་བདག་པོར་གྱུར། དེ་ནས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྐོར་རྣམས་རིམ་གྱིས་འབེབས་པར་མཛད། ཞི་ཁྲོའི་ལྷ་དབང་ཆེན་མོ་དང་། མཁའ་འགྲོ་སྙིང་ཐིག ནཱ་རོའི་ཆོས་དྲུག ཛཱ་ཧར་པིར་གྱི་རླུང་གི་ཉམས་ལེན་སོགས་ལ་ཁྲིད་ཡིག་བཅས་དང་། མགོན་པོ་ཕྱག་བཞི་པའི་གཏོར་བཟློག་བྱ་མགོ་མ་སོགས་དྲང་ངེས་ཀྱི་བསྟན་བཅོས་མང་པོ་མཛད། བོད་ཁམས་བདེ་ཐབས་སུ་ལྷ་སར་ཆུ་རགས་ལ་རབ་གནས་ཆུ་བཟློག ཇོ་བོ་རིན་པོ་ཆེར་བརྟན་བཞུགས། བསམ་ཡས་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ལ་རབ་གནས་མཆོད་འབུལ་སྨོན་ལམ་མཛད་པར་ཡང་ནས་ཡང་དུ་ཕེབས། ཧོར་ཇིང་གེར་གྱིས་སྤྱན་དྲངས་པར་འདམ་གཞུང་། འཁོར་ཚའི་སྡེ་རྣམས་སུ་ལན་འགའ་ཕེབས། འབྲི་ཧོར་མཆོད་ཡོན་གྱི་སྐུ་རིམ་དང་མཐའ་དམག་བཟློག་ཕྱིར་ཁྲི་རོལ་གྱི་གཏོར་བཟློག་སོགས་ཀྱང་གནང་། ཁྲི་ཐོག་རིན་ཆེན་རྣམ་རྒྱལ། པཎ་ཆེན་དཔལ་གྱི་རྒྱ་མཚོ། མཁན་སློབ་ཆོས་གསུམ་བླ་མ་གྲྭ་སློབ་རྣམས་ལ་དུས་ཀུན་རྒྱལ་བ་འབྲི་གུང་པའི་ཟབ་ཆོས་སྤྱི་དང་གསར་རྙིང་གི་དབང་ཆོས་བསམ་གྱིས་མི་ཁྱབ་པ་བསྩལ། སྐབས་ཤིག་ཕག་གྲུ་དཔོན་བློན་ནང་འཁྲུགས་ཏེ་དུས་ཟིང་ཆེ་བ་བྱུང་བར་རྗེ་ཉིད་སྣེ་གདོང་དུ་སྤྱན་དྲངས་པས་གོང་མ་མེས་དབོན་ལ་ལུགས་གཉིས་ཀྱི་ཐུགས་བཞེད་བསྐངས་ནས་འབྲི་གུང་དུ་ཕེབས། སྔ་རྗེས་སུ་གྲྭ་རབ་བཀྲ་ཤིས་ཆོས་རྫོང་། གཏེར་སྒྲོམ། བཀྲ་ཤིས་གངས་ར། བསམ་ཡས་ས་སྦུག། འཕྲང་པོ་ཨོ་རྒྱན་ཆོས་རྫོང་། བྱང་གླིང་གི་ནུབ་ངོས་ཡངས་རིའི་མཚམས་གྲྭ་བཅས་སྒྲུབ་སྡེ་དུ་མ་བཏབ། སློབ་མ་ལ་མཚོན་ན་ཆོས་སྲིད་ཀྱི་རྒྱལ་ཚབ་དམ་པ་རིན་ཆེན་རྒྱལ་གྲགས་པ་རྒྱལ་མཚན། པཎ་ཆེན་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ། རྗེ་ཉིད་ཀྱི་རིགས་སྲས་ཆོས་རྒྱལ་ཕུན་ཚོགས་སོགས་གྲངས་ཀྱིས་མི་ལང་བ་བྱུང་། མཐར་དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་སྦྲུལ(༡༥༥༧)ལོར་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

འབྲི་གུང་གདན་རབས་བཅུ་དྲུག་པ་འདི་ཉིད་གཞུའི་ས་ཆ་ལས་སྐུ་གཉེར་སྒང་ཞེས་པར་ཡབ་བསྟན་པའི་རྒྱལ་མཚན་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ས་སྦྲུལ (༡༥༠༩) ལོར་སྐུ་བལྟམས། དགུང་ལོ་བརྒྱད་པ་ལ་གདན་ས་ཐེལ་དུ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པས་མཁན་པོ་དང་ལས་སློབ་དུས་སྒོ་སོགས་ཁ་བསྐོང་གྲངས་ཚང་གི་དབུས་སུ་བར་མ་རབ་བྱུང་དུ་བསྒྲུབས། མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོར་གསོལ། དེ་ནས་འཕྱོངས་རྒྱས་སུ་རྗེ་ཞྭ་དམར་བཞི་པ་དང་ལྷན་ཅིག་ཕེབས། རྗེ་དེ་ལས་གསར་མའི་རྒྱུད་འབུམ་ལ་སོགས་གསང་སྔགས་ཀྱི་ཆོས་སྐོར་དུ་མ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་རྗེས་གནང་མང་པོ་གསན། མཐར་དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་སྦྲུལ་ (༡༥༥༧) ལོར་ཞི་བར་གཤེགས།

language:
Tibetan