Skip to main content Skip to search
'bri gung chos kyi rgyal po
ID:
T238743
  • འབྲི་གུང་ཆོས་ཀྱི་རྒྱལ་པོ (Tibetan, Tibetan script, Original)
    • > 'bri gung chos kyi rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drigung chö kyi gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འབྲི་གུང་གདན་རབས་བཅུ་པ་འདི་ཉིད་གཞུ་སྨད་འཇོན་མ་ཡུལ་དུ་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་དབུར་པ་དར་འཇམ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་ཕག(༡༣༣༥)ལོར་སྐུ་བལྟམས། དགུང་ལོ་བརྒྱད་བཞེས་ཚེ་ཆོས་ཀྱི་རྡོ་རྗེ་རྒྱལ་པོའི་དྲུང་དུ་རབ་ཏུ་བྱུང་། མཚན་འཛམ་གླིང་རྒྱལ་པོར་གསོལ། སྣུབས་སྟོན་གཞོན་ནུ་དཔལ་བའི་དྲུང་དུ་བདེ་མཆོག གསང་འདུས། དུས་འཁོར་ལ་སོགས་པའི་དབང་དང་གདམས་པ་གསན། དགུང་ལོ་དགུ་ལ་འདུལ་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཁན་པོ་དང་། ཆོས་སྒོ་བ་གཞོན་ནུ་དཔལ་གྱི་སློབ་དཔོན་སོགས་ཁ་བསྐོང་གྲངས་ཚང་དབུས་སུ་དགེ་ཚུལ་བསྒྲུབས། སྟག་ཕུར་ཆོས་རྗེ་སྟག་ཆེན་པ་ལས་དགྱེས་རྡོར་ལ་སོགས་རྒྱུད་འགྲེལ་དུ་མར་གསན་སྦྱོང་མཛད། དགུང་ལོ་བཅུ་གཅིག་པར་རྗེ་རྡོ་རྗེ་རྒྱལ་པོ་ལས་ཟབ་མོ་ལྔ་ལྡན། ནཱ་རོའི་ཆོས་དྲུག མོས་གུས་སྲོག་འཁོར། ཐེག་ཆེན་བསྟན་པའི་སྙིང་པོ། དགོངས་པ་གཅིག་པ། སྐྱོབ་པའི་ཟབ་ཆོས་སོགས་བཀའ་བརྒྱུད་ཀྱི་ཆོས་རྣམས་གསན། ལྕགས་ཡོས(༡༣༥༡)ལོར་འབྲི་གུང་གདན་ཁྲིར་མངའ་གསོལ། དེ་ནས་དཔལ་ལྡན་ས་སྐྱ་ལ་སོགས་པ་ཉང་སྟོད་རྣམས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ས་སྐྱ་བ་འདུལ་འཛིན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དཔལ་བཟང་པོ་དང་། སློབ་དཔོན་ཆོས་ལུང་པ་སྡེ་སྣོད་འཛིན་པ་ཆོས་ཀྱི་རྒྱལ་མཚན། གསང་སྟོན་པ་བདེ་ལེགས་བཟང་པོ་སོགས་དགེ་འདུན་གྱི་དབུས་སུ་རྒྱལ་བའི་བསྟན་པ་ལ་ཡོངས་སུ་རྫོགས་པར་མཛད། དེ་ནས་མཁན་པོ་དེ་ཉིད་ལས་འདུལ་བ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ལ་སོགས་གསན་ཅིང་། གཞན་ཡང་གཡག་སྡེ་པཎ་ཆེན། རྩེ་ཆེན་པ་དོན་འགྲུབ་དཔལ་བཟང་། ལོ་ཆེན་ཚུལ་ཁྲིམས་དགོན་པོ། འཇམ་དབྱངས་བསོད་ནམས་རྒྱལ་མཚན་སོགས་རྩོད་བྲལ་གྱི་མཁས་གྲུབ་དུ་མ་བསྟེན་ནས་མདོ་སྔགས་རྒྱུད་སྡེ་སོགས་དུ་མ་གསན་ཅིང་རྒྱལ་བའི་གསུང་རབ་རྒྱ་མཚོའི་དགོངས་དོན་ལ་མཁས་པར་གྱུར། གནས་གསུམ་གྱི་རི་ཁྲོད་འཛིན་པར་རྟོགས་པ་མངོན་དུ་གྱུར་པ་རྣམས་བརྫོངས་པ་གནང་། མདོ་རྒོད་རྫོང་གི་སྒྲུབ་གྲྭ་བཙུགས་པ་སོགས་སྒྲུབ་བརྒྱུད་ཀྱི་རིང་ལུགས་ཆེས་ཆེར་འཕེལ་བར་མཛད། དབྱར་ཆོས་དང་དགུན་ཆོས་ཀྱི་ཕྱག་སྲོལ་སྔར་བཞིན་ཉམས་རྒྱས་པའི་སྟེང་དཔྱིད་ཀྱི་དུས་སུ་ཐེག་ཆེན་བསྟན་སྙིང་དགོངས་པ་གཅིག་པ། སྟོན་གྱི་དུས་མོས་གུས་སྲོག་འཁོར་སོགས་དུས་བཞིར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ནས་ཀརྨ་རོལ་པའི་རྡོ་རྗེ་དང་མཇལ་པས་ཆོས་ཀྱི་འབེལ་གཏམ་དང་། མདོ་སྔགས་ཀྱི་ཆོས་ཟབ་མོ་འགའ་ཞིག སྙན་ངག་སྡེབ་སྦྱོར་སོགས་ཐ་སྙད་དུ་མ་གསན། དགུང་ལོ་ཉེར་དགུ་པ་ལ་རྒྱལ་བའི་བསྟི་གནས་རི་བོ་ཤཱནྟི་ཟངས་ལུང་དང་། ཀོང་ཕྱོགས་ཕལ་ཆེར་དུ་ཕེབས་ནས་དད་ལྡན་རྣམས་ལ་ཆོས་ཀྱི་འབྲེལ་བ་གནང་། གནས་ཆེན་ཙ་རི་ཏྲར་ཕེབས་ཏེ་ཚོགས་ཀྱི་འཁོར་ལོ་ལན་གྲངས་དུ་མར་བསྐོར་ནས་མི་རིང་བར་འབྲི་གུང་དུ་ཕྱིར་ཕེབས། སྐབས་འདིར་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་མདོ་སྨད་ནས་ཕེབས་པར་འབྲི་གུང་དུ་བྱོན་སྐབས་རྗེའི་དྲུང་དུ་ཆོས་འབྲེལ་གནང་། རྗེ་འདི་ཉིད་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་གསར་བཞེངས་མཛད། དགུང་ལོ་ང་གཅིག་པ་ཤིང་གླང(༡༣༨༨)ལོར་ཡིག་མཁན་དུ་མས་ཤོག་དཀར་གྱི་ངོས་ལ་བྲིས་པ། བསྟན་འགྱུར་དང་། དྭགས་པོ་བཀའ་འགྱུར་ཀྱི་སྐྱེས་མཆོག་རིམ་བྱོན་གྱི་རྣམ་ཐར་གསུང་འབུམ་བཅས་བཞེངས། དགུང་ལོ་རེ་གཅིག་པ་རབ་བྱུང་བདུན་པའི་ཤིང་ཕག(༡༣༩༥)ལོར་ཆོས་སྲིད་ཀྱི་ཁུར་རྣམས་ཆོས་རྗེ་དོན་གྲུབ་རྒྱལ་པོར་གཏད། རྗེ་ཉིད་གཏེར་སྒྲོམ་དང་ལྷུན་པོ་ལ་སོགས་པ་དབེན་གནས་རྣམས་སུ་རྣལ་འབྱོར་གྱིས་དུས་འདའ་བར་མཛད། གསུང་རྩོམ་ཡང་ལྔ་ལྡན་ནོར་བུའི་ཕྲེང་བ་ལྷན་གཅིག་སྐྱེས་སྦྱོར། ཆོས་དྲུག་གི་ཁྲི་ཡིག་ཡེ་ཤེས་མགོན་པོ་དང་ཨ་ཕྱིའི་སྒྲུབ་སྐོར། རྟོགས་བརྗོད་དང་ཉམས་མགུར་སོགས་བསྟན་བཅོས་མང་དུ་མཛད། ཐུགས་ཀྱི་སྲས་ནམ་མཁའ་རྒྱལ་མཚན། ས་བཟང་འཕགས་པ། འབྲི་གུང་ལོ་ཙཱ་སོགས་སྐྱེས་མཆོག་ཁྱད་པར་བ་དུ་མ་བྱུང་། མཐར་དགུང་ལོ་དོན་གསུམ་བཞེས་པ་རབ་བྱུང་བདུན་པའི་མེ་ཕག(༡༤༠༧)ལོར་སྐུ་མྱ་ངན་ལས་འདས།

language:
Tibetan

2. Thupten Phuntsok Dictionary

འབྲི་གུང་གདན་རབས་བཅུ་པ་འདི་ཉིད་གཞུ་སྨད་འཇོན་མ་ཡུལ་དུ་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་དབུར་པ་དར་འཇམ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་ཕག (༡༣༣༥) ལོར་སྐུ་བལྟམས། དགུང་ལོ་བརྒྱད་བཞེས་ཚེ་ཆོས་ཀྱི་རྗེ་རྡོ་རྗེ་རྒྱལ་པོའི་དྲུང་དུ་རབ་ཏུ་བྱུང་། མཚན་འཛམ་གླིང་ཆོས་ཀྱི་རྒྱལ་པོར་གསོལ། སྣུབས་སྟོན་གཞོན་ནུ་དཔལ་བའི་དྲུང་དུ་བདེ་མཆོག གསང་འདུས། དུས་འཁོར་ལ་སོགས་པའི་དབང་དང་གདམས་པ་གསན། དགུང་ལོ་དགུ་ལ་འདུལ་འཛིན་རིན་ཆེན་རྒྱལ་མཚན་གྱིས་མཁན་པོ་དང་། ཆོས་སྒོ་བ་གཞོན་ནུ་དཔལ་གྱིས་སློབ་དཔོན་སོགས་ཁ་བསྐོང་གྲངས་ཚང་གི་དབུས་སུ་དགེ་ཚུལ་བསྒྲུབས། སྟག་ཕུར་ཆོས་རྗེ་སྟག་ཆེན་པ་ལས་དགྱེས་རྡོར་ལ་སོགས་རྒྱུད་འགྲེལ་དུ་མར་གསན་སྦྱོང་དང་། གསུང་རྩོམ་ཡང་ལྔ་ལྡན་ནོར་བུའི་ཕྲེང་བ་ལྷན་ཅིག་སྐྱེས་སྦྱོར། ཆོས་དྲུག་གི་ཁྲིད་ཡིག་ཡེ་ཤེས་མགོན་པོ་དང་ཨ་ཕྱིའི་སྒྲུབ་སྐོར། རྟོགས་བརྗོད་དང་ཉམས་མགུར་སོགས་བསྟན་བཅོས་མང་དུ་མཛད། ཐུགས་ཀྱི་སྲས་ནམ་མཁའ་རྒྱལ་མཚན། ས་བཟང་འཕགས་པ། འབྲི་གུང་ལོ་ཙཱ་སོགས་སྐྱེས་མཆོག་ཁྱད་པར་བ་དུ་མ་བྱུང་། མཐར་དགུང་ལོ་དོན་གསུམ་བཞེས་པ་རབ་བྱུང་བདུན་པའི་མེ་ཕག (༡༤༠༧) ལོར་སྐུ་མྱ་ངན་ལས་འདས།

language:
Tibetan