- 'bri gung mthil 'og min byang chub gling
- ID:
- T238744
- འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང (Tibetan, Tibetan script, Original)
- > 'bri gung mthil 'og min byang chub gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > drigung til womin changchub ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བསྡུས་མིང་འབྲི་གུང་མཐིལ་དགོན་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཆུས་ཀྱི་ཁོངས་སུ་ཆགས་ཡོད་ཅིང་། དགོན་པ་འདི་ནི་འབྲི་གུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་ཡིན་པ་དང་། ཕག་པ་གྲུ་པའི་དངོས་སློབ་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་གྱིས་དགུང་ལོ་སོ་དགུ་པ་རབ་བྱུང་གསུམ་པའི་ས་ཕག(༡༡༧༩)ལོར་ཕྱག་བཏབ། དགོན་པ་འདིའི་གནས་གཞི་ནི་ཐོག་མར་རྟོགས་ལྡན་མི་ཉག་སྒོམ་རིན་གྱིས་བཏབ་ཀྱང་ཁོས་སྐུ་གཤེགས་རྗེས་ཉེ་གནས་ཀྱིས་གནས་འདི་ཕུལ་བར་བརྟེན་ནས་དགོན་པ་འདི་ཕྱག་བཏབ། ཐོག་མར་གསེར་ཁང་དང་བླ་གཡེལ་ཆེན་པོ་སོགས་རིམ་གྱིས་བརྩིགས། སྔར་དགོན་པ་འདིའི་ཉེ་འདབས་ཆུ་མིག་བརྒྱ་དང་བརྒྱད་ཡོད་ཀྱང་གཤམ་དུ་འཁོད་པ་ལྟར་འབྲི་གུང་གླིང་གི་སྐབས་དགོན་པར་མེ་སྐྱོན་བྱུང་རྗེས་ཆུ་མིག་ཕལ་ཆེ་བ་བསྐམས་ནས་མེད་པར་གྱུར། སྐྱོབ་པ་རིན་པོ་ཆེ་ཞལ་བཞུགས་སྐབས་གཉོས་རྒྱལ་བ་ལྷ་ནང་པས་འབུལ་མོ་ཆེ་དང་། བུ་རམ་གྱི་སྐུ་འགྱེད་ཕུལ་སྐབས་དགེ་འདུན་ཁྲི་ལྔ་ལྷག་ཙམ་འདུས། བྱང་གླིང་གི་བྲག་སེང་གེ་སྤུངས་པའི་ཐད་དུ་གཙུག་ལག་ཁང་གསར་དུ་བཞེངས་ཤིང་། རྟེན་གྱི་གཙོ་བོར་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཐོག་ཚད་ལྔ་ཡོད་པ་དེའི་ལྡེབས་སུ་ལྷ་སྐུ་ཞིས་སྟོང་བརྒྱད་བརྒྱ་གཟོང་བསྐོས་སུ་བྱས་པ་བཞེངས། དབྱར་གནས་ཐེངས་གཅིག་ལ་དགེ་འདུན་འབུམ་གཅིག་འཚོགས་པ་བྱུང་ཞིང་། དེའི་ནང་ནས་ཙཱ་རི་དང་། གངས་ཏི་སེ། ལ་ཕྱི་བཅས་ལ་རི་པ་ཉིས་སྟོང་བདུན་བརྒྱ་ཙམ་གཏོང་གནང་མཛད་པས། དེའི་ཕྱི་ལོར་སློབ་མ་ཁྲི་བཅུ་གསུམ་ཙམ་འདུས། ཚོགས་པ་འདུས་ཆེ་ཤོས་ཀྱི་སྐབས་ཁྲི་བཅོ་བརྒྱད་ལྷག་ཙམ་བྱུང་བ་བཅས་དེ་ལྟ་བུ་ནི་བོད་འདིར་དེ་སྐབས་ལ་གཏོགས་བྱུང་མ་མྱོང་། དེ་དུས་ཀྱི་སློབ་མ་རྣམས་སྡོད་ཁང་སོགས་མི་དགོས་པར། བྲག་ཕུག་དང་། གཡམ་པའི་སྤྱིལ་བུ། ཅོག་གུར་སོགས་སྟབས་གང་འགྲིགས་ཀྱིས་སྡོད་པ་ཤ་སྟག་ཡིན་ཅིང་། ཆོས་བཀའ་ཞུས་གྲུབ་རྗེས་གོང་གསལ་གནས་ཆེན་ཁག་གསུམ་ལ་རི་པ་ཁྲི་ཁ་ཤས་རེ་གཏོང་གནང་མཛད་པ་སོགས་ནི་སྐབས་དེ་དང་དེའི་རྗེས་ཀྱི་གནས་ཚུལ་གང་གི་ཐད་ནས་བཤད་ཀྱང་བསམ་ཡུལ་འདས་པ་ཞིག་ཡིན། དེ་ནས་གདན་རབས་ཁ་ཤས་སོང་བ་ན། གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ཤིང་ཡོས(༡༢༥༥)ལོར་ལྷ་ཁང་ཆེན་མོ་ཀ་བ་བརྒྱ་དང་བརྒྱད་བཅུ། ནང་གི་ལྡེབས་ཞལ་རྣམས་གྲང་གསེར་ལེབ་བྱུགས་བྱས་པ་དང་། སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་དང་། གཉྫིར། རྒྱལ་མཚན་སོགས་ཀྱིས་མཛེས་པ་དང་། ནང་དུ་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གཤམ་དུ་གསལ་བ་ལྟར་བཞེངས་ཤིང་། རབ་གནས་ཀྱི་སྐབས་དགེ་སློང་སྡོམ་ལྡན་ཁྲི་ཕྲག་བཅུ་གསུམ་ཙམ་འཚོགས་པ་བྱུང་། དེ་ནས་འཕེལ་རྒྱས་ཆེ་ཙམ་ཡོད་མུས་ཐོག་འབྲི་གུང་གདན་རབས་བདུན་པ་སྣུབས་རྡོ་རྗེ་ཡེ་ཤེས་ཀྱི་སྐབས་སྒོམ་པ་ཤག་རིན་དང་བློན་པོ་ས་ཆེན་རྡོར་དཔལ་ག་མ་རྡོ་སེ་སོགས་ཀྱིས་བོད་ས་གནས་ཡོངས་རྫོགས་འབྲི་གུང་པའི་འོག་ཏུ་བཅུག་འདོད་ཀྱི་བསམ་པས་སྟོད་ཧོར་གྱི་དམག་དཔུང་རོགས་སུ་སྦྲན་ནས་ས་སྐྱར་དམག་དྲངས་པར་བརྟེན་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་དེའི་དགྲ་ལན་ལེན་པའི་ཆེད་དུ་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་ལ་དམག་རོགས་ཞུས་ཏེ་སྣུབས་རྡོ་རྗེ་ཡེ་ཤེས་དགུང་ལོ་རེ་དྲུག་པ་ས་བྱི(༡༢༨༨)ལོར་ས་སྐྱ་དང་ཧུ་པི་ལིའི་དམག་དཔུང་གིས་འབྲི་གུང་པར་དམག་དྲངས། ལོ་ངོ་གཉིས་སོང་བ་ལྕགས་སྟག(༡༢༩༠)ལོར་འབྲི་གུང་པ་ཕམ་སྟེ། ལྷ་ཁང་ཆེན་མོ་སོགས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་མེར་བསྲེགས་ཤིང་། དགེ་འདུན་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང་། གདན་ས་པ་དང་གདུང་རྒྱུད་འཚོ་བཞུགས་རྣམས་སྐུ་གསུང་ཐུགས་རྟེན་ལྷག་ལས་རྣམས་བསྣམས་ནས་ཀོང་པོ་ཁུལ་དུ་བྲོས་བྱོལ་དུ་ཕེབས་ནས་ལོ་གསུམ་རིང་བཞུགས་དགོས་བྱུང་ཐོག མི་སེར་རྣམས་ཀྱང་ས་གནས་གཞན་དག་ལ་ཡུལ་གྱར་ནས་ཐོར། གྲོང་སྡེ་རྣམས་ཞིག་ནས་གྱང་ཧྲུལ་དུ་སོང་ཞིང་། ས་ཞིང་རྣམས་འདེབས་མཁན་མེད་པར་ཐ་གོག་ཏུ་ལུས་པ་སོགས་གནོད་སྐྱོན་ཚབས་ཆེན་བྱུང་ཡོད། དེའི་ལན་དུ་འབྲི་གུང་སྒོམ་པ་དབོན་པོས་སྟོད་ཧོར་གྱི་སར་ཕྱིན་ནས་ཧོར་དམག་འཁྲིད་དེ་ས་སྐྱ་དང་ཡོན་རྒྱལ་རབས་བར་འབྲེལ་ལམ་བཅད་པ་བཅས་བྱས་པ་སོགས་ས་འབྲིའི་བར་འཁོན་རྩོད་མཚམས་མ་ཆོད་པར་བརྟེན་ས་སྐྱའི་ཏི་ཤྲི་གྲགས་པ་འོད་ཟེར་གྱིས་འབྲི་གུང་པར་རོགས་རམ་བྱས་ཏེ་གོང་མ་ཧུ་པི་ལི་ལ་འབྲི་གུང་གདན་ས་བསྐྱར་གསོ་དང་མཆོད་གཞིས་མི་སེར་རྣམས་རང་ལོག་ཡོང་བའི་ཞུ་བ་མཐར་ཕྱིན་པ་ཕུལ་སྐབས་གོང་མས་རྒྱུ་ནོར་གྲངས་ལས་འདས་པའི་སྐྱོབ་གསོ་སང་། མཆོད་གཞིས་སྔར་ཡོད་རང་འཇགས་ཐོག་འབྲི་གུང་གདན་ས་བསྐྱར་གསོ་བྱེད་དགོས་པའི་བཀའ་ཕབ། གདུང་རབས་བཅུ་གཅིག་པ་རིན་ཆེན་རྡོ་རྗེ་ཀོང་པོར་བྲོས་བྱོལ་ཕེབས་པ་ཡང་འབྲི་གུང་དུ་གདན་དྲངས་ཏེ་ཐོག་མར་འཚོ་ཁ་ཐང་དུ་ཕོ་བྲང་བདེ་ལྡན་བཞེངས་ཤིང་། རབ་བྱུང་ལྔ་པའི་མེ་སྤྲེལ(༡༢༩༦)ལོར་འབྲི་གུང་གདན་ས་ཉམས་གསོ་དང་དེ་དང་རྗེས་ཐོག་ཁ་གསེར་ཁང་། བླ་གཡེལ་ཆེན་མོ། སྒོ་མང་ལྷ་ཁང་། དགེ་འདུན་སྟོང་དང་བརྒྱ་བཞུགས་པའི་གྲྭ་ཤག་བཅས་ལོ་བདུན་གྱི་ནང་གྲུབ། དགོན་པ་བཏབ་ཡུལ་ནི་བརྗིད་ཞིང་ལྷུན་ཆགས་པའི་ས་འཛིན་གྱི་ལྷུན་པོའི་སྟེང་དུ་དྲི་བསུང་མངར་ཆིམ་ཆིམ་འཐུལ་བའི་སེ་བའི་ཁྲི་ཤིང་གི་ཁྲོད་གཙུག་ལག་ཁང་དང་བསམ་གཏན་གྱི་ཁང་བུས་ཡོངས་སུ་ཁེངས། དགོན་པ་འདིར་བཞུགས་པའི་སྐུ་གསུང་ཐུགས་རྟེན་སོགས་རིག་དངོས་སྐོར་ནི། གསེར་ཁང་མངོན་དགའི་གཙུག་ལག་ཁང་ཀ་རིང་བཅུ་དྲུག་དང་། འོག་ཁང་། ཐིག་ཁང་སོགས་ཁྱོན་ཀ་བ་བརྒྱ་དང་བཅུའི་བརྒྱ་ཁྱོན་ལྡན་པ་དང་། དེའི་སྟེང་དུ་གསེར་གྱི་རྒྱ་ཕིབས་དང་གཉྫི་རས་རྒྱན་པ། དེའི་ནང་དུ་གྲུབ་ཐོབ་མགར་དམ་པ་འབྱུང་གནས་ཀྱིས་སྐྱོབ་པ་ཞལ་བཞུགས་སྐབས་བཞེངས་པའི་ཆོས་རྗེ་སྐྱོབ་པའི་འདྲ་སྐུ་ང་འདྲ་མ་གཟུངས་བཞུགས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཚེམས་སོགས་རྟེན་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་དང་། གཞན་ཡང་རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་འདྲ་སྐུ། པཎ་ཆེན་དཔལ་གྱི་རྒྱ་མཚོ་འདྲ་སྐུ། ཀུན་དགའ་རིན་ཆེན་དང་ལྷོ་འཕྲིན་ལས་རྣམ་རྒྱལ་གྱི་གདུང་རྟེན། ཐུབ་དབང་གནས་བརྟན་བཅུ་དྲུག རྡོ་རྗེ་འཆང་ནས་བརྒྱུད་པའི་བཀའ་བརྒྱུད་བླ་རབས་ཀྱི་སྐུ་སོགས་སྐུའི་རྟེན་བསམ་གྱིས་མི་ཁྱབ་པ་དང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་ཆོས་རྗེ་སྐྱོབ་པ་རིན་པོ་ཆེ་སོགས་བཀའ་བརྒྱུད་གོང་མའི་གསུང་འབུམ་པོད༢༠༠སྐོར་དང་། ནང་རྟེན་དུ་སངས་རྒྱས་གླང་པོའི་གདུང་རུས་སངས་རྒྱས་བྱང་སེམས་ཀྱི་རང་བྱོན་ཡོད་པ། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལིས་ཕུལ་བའི་གསེར་ལ་མུ་ཏིག་གིས་བཏུམས་པའི་རལ་པ་སྤྱི་བླུགས། སྟོད་ཡ་རྩེ་རྒྱལ་པོའི་ཐུགས་དམ་གྱི་རྟེན་སྤྱན་རས་གཟིགས་ཀྱི་སྐུ་དང་། སྒོ་ཁྱིམ་ནང་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སྲན་མའི་རྡོག་ཙམ་ཡོད་པའི་བྱང་ཆུབ་མཆོད་རྟེན། གཞན་ཡང་ཁྱུང་གི་སེར་མོ་དང་། གླང་ཆེན་མཆེ་བ་སོགས་ངོ་མཚར་བའི་དངོས་རྫས་ཀྱང་མང་དུ་མཆིས། གསེར་ཁང་འོག་མའམ་འདུ་ཁང་ནི་འཁོར་ཡུག་དང་བཅས་པར་ཀ་བ་བརྒྱ་དང་ཉི་ཤུ་སྐོར་ཡོད། དེའི་ནང་རྡོ་རྗེ་འཆང་དང་། སློབ་དཔོན་པདྨ། དྭགས་པོ་ལྷ་རྗེ། ཆོས་རྗེ་སྐྱོབ་པ་བཅས་ཀྱི་སྐུ་འདྲ་གཞུ་འདོམས་གང་ལྷག་བྱས་པ་དང་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བཀའ་འགྱུར། ཐུབ་དབང་གི་སྐུ་ཐོག་ཚད་མ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས། བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་ཀ་རིང(ཐོག་ཚད་ལྔ)ཉི་ཤུ་རྩ་བརྒྱད་ཀྱི་རྒྱ་ཁྱོན་ལ། ཐོག་ཁར་གསེར་ཟངས་ཀྱི་མདའ་ཡབ་ཆུ་སྲིན་རྒྱན་པ་བརྗིད་ཞིང་ལྷུན་ཆགས་པ་དང་། དེའི་ནང་སྐྱོབ་པའི་སྐུ་དར་སྐུ་མ་དང་ཙ་རི་དག་པ་ཤྲིའི་ཆགས་ཚུལ་དང་འདྲ་བའི་མཆོད་རྟེན་ཐོག་ཚད་ལྔའི་སྐུ་ཚད་ལ་བང་རིམ་མཐའ་སྐོར་དུ་ལྷ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ཚང་བ་དང་། རྗེ་སྐྱོབ་པའི་ཐུགས་དང་རིང་བསྲེལ་གཟུངས་བཞུགས་སུ་ཕུལ་བའི་ཐུབ་པ་ཁམས་གསུམ་ཟིལ་གནོན། ཐོག་ཁ་བ་རིན་ཆེན་སེང་གེའི་གདུང་རྟེན་དངུལ་ལས་གྲུབ་པ་ཐོག་ཚད། ཆོས་རྗེ་རིན་ཆེན་རྣམ་རྒྱལ་གྱི་སྐུ་དམར་བཏུང་བཞུགས་པའི་བྱང་ཆུབ་མཆོད་རྟེན། གདན་རབས་བཅུ་པ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོའི་གདུང་རྟེན་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཐོག་ཚད་བཞི་པ་ལྷ་ཉེས་སྟོང་སུམ་བརྒྱས་བསྐོར་བ། བཤེས་གཉེན་དོན་གྲུབ་རྒྱལ་པོའི་ཐུགས་དམ་གྱི་རྟེན་བཀྲ་ཤིས་སྒོ་མང་ཐོག་ཚད་བཞི་པ་ལྷ་ཉིས་སྟོང་ལྔ་བརྒྱ་ཉི་ཤུས་བསྐོར་བ། གདན་རབས་བཅུ་གཅིག་པ་འཛམ་གླིང་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་གྱི་རྟེན་བཀྲ་ཤིས་སྒོ་མང་ལྷ་ཉིས་སྟོང་སུམ་བརྒྱས་བསྐོར་བ། གཞན་ཡང་ཐུབ་དབང་ཆར་འབེབས་མ་སོགས་རྟེ་བསམ་གྱིས་མི་ཁྱབ་པ་བཞུགས། གཙུག་ལག་ཁང་དེའི་མདུན་དུ་ས་ཁྲི་དམར་པོ་དང་། བླ་གཡེལ་ཐང་ཞེས་པ་ཆོས་རྗེ་སྐྱོབ་པ་ཆོས་ཁྲི་དང་། ཆོས་ར་བཅས་ཡོད། སྐུ་གདུང་འཛམ་གླིང་རྒྱན་ནི་མཐོ་ཚད་ཐོག་བརྩེགས་གསུམ་ལ་བློ་འབུར་རབ་གསལ་ཅན་ཐོག་སྟེང་སེང་གེས་བརྒྱན་ཅིང་། གསེར་ཟངས་རྒྱ་ཕིབས་གཉིས་དང་སྐེད་པ་བསྐོར་ལམ་ཡོད་པ། དེའི་ནང་དུ་རིན་པོ་ཆེ་དུ་མ་ཞིབ་པར་བརྡུངས་ཏེ་ས་དང་བསྲེངས་ནས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ནང་དུ་སྔར་བལ་ཡུལ་གྱི་རྒྱལ་པོ་འོད་ཟེར་ཏོག་གི་ཐུགས་དམ་གྱི་རྟེན་དུ་གྱུར་པ་དུས་གསུམ་སངས་རྒྱས་ཀྱི་རྟེན་བཞུགས་པ་དེ་དང་ཆོས་རྗེ་སྐྱོབ་པའི་དབུ་ཐོད་བདེ་མཆོག་ལྷ་དྲུག་བཅུའི་རང་བྱོན་གསལ་བར་ཡོད་པ་དང་། རྗེ་ཉིད་ཀྱི་རིང་བསྲེལ་སོགས་དམ་རྫས་བསམ་གྱིས་མི་ཁྱབ་པ་ཡོད་པའི་རྟེན་མཆོག་འཛམ་གླིང་རྒྱན་ཞེས་པ་དང་། དེའི་གཡས་སུ་གདན་རབས་དགུ་པ་ཆོས་རྗེ་བཅུ་གཉིས་པ་རྡོ་རྗེ་རིན་ཆེན་གྱི་གདུང་རྟེན་གོང་གི་དེ་དང་འདྲ་བའི་མཆོད་རྟེན་བཅས་བཞུགས། གཅུང་སྐུ་འབུམ་ཀ་བ་བཞིའི་རྒྱ་ཁྱོན་མཐོ་ཚད་ཐོག་ཚད་གཉིས་ནང་གཅུང་རྡོ་རྗེ་གྲགས་པའི་སྐུ་འབུམ་གཟུངས་སུ་ཕུལ་བའི་ས་བུམ་ཤིན་ཏུ་ཆེ་བ་ཞིག་དང་དེའི་གཡས་གཤམ་དུ་སྤྱན་སྔ་གཉིས་ཀྱི་གདུང་རྟེན་བྱང་ཆུབ་མཆོད་རྟེན་གསེར་ཟངས་ཀྱི་གཉྫིར་དང་བཅས་པ་ཡོད། གཞན་ཡང་རིག་གནས་དངོས་རྫས་ཐད་ཨ་ཕྱིའི་དཀོར་མཛོད་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ཅན་ནང་དུ་ཆོས་རྗེ་སྐྱོབ་པས་བཞེངས་པའི་ཙནྡན་སྦྲུལ་སྙིང་ལས་གྲུབ་པའི་བསྟན་སྲུང་ཆོས་ཀྱི་སྒྲོལ་མའི་སྐུ་དང་། སྐུ་རྒྱུ་སྨན་འཇིམ་ལས་གྲུབ་པ་གཅུང་རིན་པོ་ཆེས་བཞེངས་པའི་ཨ་ཕྱིའི་སྐུ། རིག་འཛིན་ཆོས་གྲགས་ཀྱིས་བཞེངས་པའི་ཨ་ཕྱིའི་སྐུ་བཅས་ཡོད་པ་དང་། དེའི་ནང་སྔར་སྐྱུ་རའི་ནོར་རྫས་སེང་གེའི་ལྤགས་པ་སོགས་དང་། འབྲུག་མོའི་སློག་པ། བློན་འདན་མའི་ཨ་ལོང་། ཡོན་རྒྱན་རབས་ཀྱི་གོང་མ་ཧུ་པི་ལིས་ཀརྨ་པཀྵིར་ཕུལ་བའི་དར་གོས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་གོས་སྐུ་ལྷུ་ལག་ཀོ་འབོག་བཅུ་གཅིག་ཡོད་པ། གཞན་ཡང་ཡོན་རྒྱལ་རབས་ཀྱི་གོང་མའི་བཀའ་རྟེན་དང་། ཐམ་ཀ་སོགས་དངོས་རྫས་བསམ་ལས་འདས་པ་ཡོད། མགོན་ཁང་ཆེན་མོའམ་ཨ་ཕྱི་ཁང་གཙུག་ལག་ཁང་མདོ་སྦུག་ཀ་བ་ཉེར་གཉིས་ཀྱི་རྒྱ་ཁྱོན་ལ་ནང་དུ་དཔལ་ཡེ་ཤེས་མགོན་པོ་དང་། བསྟན་སྲུང་ཆོས་ཀྱི་སྒྲོན་མ་སགས་སྲུང་མ་དམ་ཅན་རྒྱ་མཚོའི་སྐུ་བསྙན་དུ་མ་བཞུགས། བྲག་གླེ་དཀར་ཆུང་ཞེས་པ་སྔར་མི་ཉག་སྒོམ་རིན་ཉེ་གནས་ཀྱིས་ཆོས་རྗེ་སྐྱོབ་པར་ཕུལ་བའི་གཟིམ་སྦྱིལ་ཀ་གཅིག་དེའི་ནང་བྲག་གསེབ་ནས་སྐྱེ་པའི་སྐྱོབ་པའི་འཚེམ་ཤིང་དང་། གཡམ་པའི་བཞུགས་སྒྲོམ། ཞབས་རྗེས་སོགས་ཡོད། གཟིམ་ཁང་དམར་པོའི་འདུ་ཁང་ངམ་སྒྲུབ་སྡེའི་གཙུག་ལག་ཁང་ཀ་བ་བཅུ་དྲུག་ཤག་སྐོར་དང་བཅས་པ་ཁྱོན་ཀ་བ་སོ་བཞིའི་རྒྱ་ཁྱོན་ཅན། ནང་དུ་གསེར་དངུལ་ལས་བསྐྲུན་པའི་ཞི་བའི་བློ་གྲོས་ཀྱི་ཐུགས་དམ་རྟེན་ལྷ་བབས་མཆོད་རྟེན་ཐོག་ཚད་གཉིས་པ་དང་། ཆེ་ཆུང་སོགས་དེ་དང་འདྲ་བའི་ཆོས་ཀྱི་འབྱུང་གནས་ཀྱི་གདུང་རྟེན་དང་གཞན་ཡང་ཐུབ་དབང་དང་། སྐྱོབ་པ། ཕག་མོ་རིན་ཆེན་རྣམ་རྒྱལ། རྒྱལ་དབང་ཀུན་དཀའ་རིན་ཆེན་སོགས་ཀྱི་སྐུ་བརྙན་ཀྱང་མང་དུ་བཞུགས། གསེར་མགོ་གཙུག་ལག་ཁང(སྒྲུབ་གྲྭ་ཤར་གྱི་འདུ་ཁང)ཁྱོན་ཀ་བ་ཉེར་བཞིའི་རྒྱ་ཁྱོན་ཅན། ནང་དུ་ཐུབ་དབང་ཆུ་གཉེར་མ་ཞེས་སངས་རྒྱས་ཉིད་ཀྱིས་རབ་གནས་བཞུགས་པའི་བྱིན་ཅན་དང་། གཞན་ཡང་དུ་གསུམ་སངས་རྒྱས་དང་། རྒྱལ་དབང་ཀུན་དཀའ་རིན་ཆེན་སོགས་ཀྱི་སྐུ་དང་། རྣར་ཐང་དཔར་མའི་བཀའ་བསྟན་འགྱུར་སོགས་གསུང་རྟེན་མང་ཙམ་ཡོད། ཡང་རིའི་གཙུག་ལག་ཁང(སྒྲུབ་གྲྭ་ནུབ་ཀྱི་འདུ་ཁང)ཐིག་ཁང་རུང་ཁང་བཅས་བསྡོམས་ཀ་བ་སུམ་བཅུའི་རྒྱ་ཁྱོན་ཅན། ནང་དུ་རྗེ་རིན་ཆེན་ཕུན་ཚོགས་ཀྱི་འདྲ་སྐུ། རྗེ་ཆོས་སྐྱབས་ཀྱི་སྐུ་བརྙན། ཚ་འུག་རྡོ་དཔལ། མཁན་སློབ་ཆོས་གསུམ། དུས་གསུམ་སངས་རྒྱས། གནས་བརྟན་བཅུ་དྲུག་སོགས་སྐུ་བརྙན་ཆེ་ཆུང་བརྒྱ་སྐོར་དང་གྲུབ་དབང་ཆོས་སྐྱབས་རིན་པོ་ཆེའི་གདུང་རྟེན་ཐོག་ཚད་མ་དང་། གྲུབ་དབང་དཀོན་མཆོག་བསྟན་པ། མཁས་གྲུབ་ངེས་དོན་རྒྱ་མཚོའི་བཅས་ཀྱི་གདུང་རྟེན་དང་བཀའ་འགྱུར་དང་བསྟན་འགྱུར་བཅས་བཞུགས། ཁང་གསར་ཆེན་མོའམ་འབྲི་ར་ཁང་ཀ་རིང་དགུ་དང་། ཐིག་ཁང་སྒོ་འཕྱོར་བཅས་ཀ་བ་ཉི་ཤུའི་ཁྱོན་ཅན། དེའི་ནང་རྗེ་ཉེར་བརྒྱད་པས་བཀྲ་ཤིས་ལྗོངས་ནས་གདན་དྲངས་པའི་བོད་ལི་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་དང་། ཆོས་རྗེ་སྐབ་པའི་ཞབས་རྗེས། རྗེ་རིན་ཆེན་ཕུན་ཚོགས་དང་། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། རིག་འཛིན་ཆོས་གྲགས། ཆོས་གྲགས་ཡུམ་བཅས་ཀྱི་གདུང་རྟེན་སོགས་བཞུགས། གཞན་ཡང་གཟིའི་ཕོར་པ་དང་། ཤང་བེལ། མི་རྒོད་ཀྱི་རྐང་པ། ཤ་བ་ཡུ་མོའི་དབུ་རྭ། གནས་འབྲི་གུང་ལུང་བསྟན་གྱི་སྤྲུལ་པའི་འབྲིའི་རྭ་ཅོ་སོགས་བསམ་གྱིས་མི་ཁྱབ་པ་བཞུགས། ཁང་གསར་བྱང་མའམ་རྙིང་མ་ཁང་ཐིག་ཁང་དང་བཅས་པར་ཀ་བ་བཅུ་གཉིས་ནང་ཆོས་རྗེ་སྐྱོབ་པ་རིན་པོ་ཆེ་དང་། རྗེ་ཕག་ཞང་གསུམ། དཀོན་མཆོག་རིན་ཆེན་གྱི་འདྲ་སྐུ་དང་། དཀོན་མཆོག་རིན་ཆེན་གྱི་ཐུགས་དམ་གྱི་རྟེན་དང་གདུང་རྟེན་བྱང་ཆུབ་མཆོད་རྟེན་བཅས་གསེར་ཟངས་ལས་གྲུབ་པ་ཁྲ་རྒྱན་དུ་མས་བརྒྱན་པ་བཅས་ཡོད། བྱང་མ་ནུབ་བམ་ཁང་གསར་འོག་མིན་སྟེང་ཤོད་བསྡོམས་ཀ་བ་སུམ་ཅུ་སོ་གཉིས་ཀྱི་ནང་དུ་རྗེ་རིག་འཛིན་ཆོས་གྲགས་ཀྱི་འདྲ་སྐུ་དང་། རྗེ་འཕྲིན་ལས་བཟང་པོའི་ཐུགས་དམ་གྱི་རྟེན་དང་གདུང་རྟེན། དོན་གྲུབ་ཆོས་རྒྱལ་གྱི་གདུང་རྟེན། སྐྱབས་མཆོག་ཆོས་ཀྱི་ཉི་མ་དང་། བསྟན་འཛིན་འགྲོ་འདུལ་གྱི་གདུང་རྟེན་སོགས་བཞུགས། བདེ་ལྡན་མི་འགྱུར་གྱི་གཙུག་ལག་ཁང་ཐིག་ཁང་དང་བཅས་པ་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ཅན་ནང་། བསྟན་འཛིན་པད་མའི་རྒྱལ་མཚན་གྱི་འདྲ་སྐུ་དང་། པདྨའི་རྒྱལ་མཚན་དང་། ཆོས་ཀྱི་རྒྱལ་མཚན། ཐུགས་རྗེའི་ཉི་མ། ཆོས་ཀྱི་བློ་གྲོས། ཆོས་ཉིད་ནོར་བུ། རྗེ་ཆོས་ཀྱི་ཉི་མའི་ཡུམ་གྱི་གདུང་རྟེན་བཅས་བཞུགས། གོང་གསལ་གཙུག་ལག་ཁང་དེ་དག་དང་། བླ་བྲང་དྲུག་དང་། སྤྱི་སོ། ཁང་ཚན། གྲྭ་ཤག མཚམས་ཁང་སོགས་འཛུགས་བསྐྲུན་གྱི་བཀོད་པ་ཤིན་ཏུ་ཆེ། དགོན་འདིར་སྔར་ཆོས་རྗེ་སྐྱོབ་པའི་སྐབས་འདུ་ཚོགས་ཁྲི་བཅོ་བརྒྱད་ཙམ་བྱུང་མྱོང་བ་དང་། དེ་རྗེས་རིམ་བཞིན་མར་ཆག་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་གོང་དུ་དགེ་འདུན་ལྔ་བརྒྱ་སྐོར་བཞུགས། སྔར་ཆོས་རྗེ་སྐྱོབ་པའི་ཉེ་གནས་རིན་ཆེན་གྲགས་སྐུ་གཤེགས་ཏེ་བྱིན་གྱིས་བརླབས་པའི་འབྲི་གུང་རྟེན་འཕྱག་ཆེན་མོ་ཞེས་པ་ནི་རང་ལྗོངས་སུ་སྙན་གྲགས་ཆེ་བའི་དུར་ཁྲོད་ཅིག་ཡོད། དགོན་པའི་ལས་སྣེ་དབུ་ཆོས་ནི་གཙོ་བོ་མཁན་པོ་དང་། དབུ་མཛད། དགེ་བསྐོས་གཉིས། སྦུག་པ་གཉིས། སྤྱི་སོ་སྡེ་པ་གཅིག་བཅས་ནས་སྔར་སྲོལ་ལོ་གསུམ་མམ་ཡང་ན་ལོ་གཅིག་གཉིས་ནས་འཕོ་ལེན་གྱིས་གསར་བསྐོ་བྱེད་ཀྱི་ཡོད་པ་དང་། གོང་གསལ་ལས་སྡེ་བདུན་གྱིས་རྣམ་ཀུན་དགོན་པའི་ལས་དོན་ཆེ་ཕྲ་མཐའ་དག་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་མི་གསོད་ཀྱི་དོན་རྐྱེན་གྱི་གནད་དོན་ཆེ་རིགས་བྱུང་ན་བྱད་གཏེ་འབྲི་གུང་བླ་བྲང་ལ་རྩིས་འབུལ་ཐོག་དེ་ནས་མལ་གུང་རྫོང་ལ་རྩིས་འབུལ་བརྫོང་བརྡ་བྱེད་ཀྱི་ཡོད། གྲྭ་པ་སྐྱ་བབས་སོགས་བྱུང་ན་གཤགས་འདོམས་ཀྱི་ཆེད་དུ་ཕྱག་འཚལ་མང་ཇ་སོགས་ཀྱི་ཉེས་བསྒྲུབ་བྱེད་དགོས་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་མཁན་པོ་ལས་ཐོག་སོག་པ་མཆོག་སྤྲུལ་བསོད་ནམས་རིན་ཆན་ཞེས་པ་དེ་ཡིན་པ་དང་། དེ་སྐབས་གྲྭ་གྲངས་སུམ་བརྒྱ་བརྒྱད་ཅུ་སྐོར་ཡོད་འདུག རྒྱུན་གཏན་ཆོ་ག་ཕྱག་ལེན་ནི་བླ་མཆོད་དང་། ཀུན་རིག ཕག་མོ། ཞི་ཁྲི་ཡང་ཟབ། བདེ་མཆོག མི་འཁྲུགས་པ་སོགས་ཀྱི་སྐོར་ཡིན་འདུག ལོ་ལྟར་ཆོས་ཀྱི་བྱེད་སྒོ་དང་འབྲེལ་བའི་མང་ཚོགས་ཚོགས་འཛོམས་ཀྱི་དུས་ཆེན་ནི་བོད་ཟླ་༡ཚེས༡ནས་ཚེས༡༥བར་ཡང་གཟབ་དུས་ཆེན་དང་། བོད་ཟླ༣ཚེས༡༩ནང་ཚེས༢༩བར་སོལ་གཏོར་གྱི་མགོན་པོའི་གཏོར་རྒྱག་བཀའ་བརྒྱད་གཏོར་ཟློག་གར་འཆམ་ཉིན་གཉིས། བོད་ཟླ༡༡ཚེས༥ནས་ཟླ༡༢ཚེས༥བར་རྒྱལ་པོ་སྲོང་བཙན་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་མ་ཎི་བུམ་སྒྲུབ། དེ་སྐབས་ཁུལ་ཡས་མང་གང་ས་ནས་མང་ཚོགས་མང་པོ་ཡོང་ནས་མ་ཎིའི་དབང་བསྐུར་དང་བྱིན་རླབས་ཞུ་སྲོལ་ཡོད། བོད་ཟླ༡༢ཚེས༡༨ནས་ཟླ༡ཚེས༥བར་བཀའ་བརྒྱུད་སྒྲུབ་མཆོད་བཅས་དང་། དགོན་པའི་གཏོང་སྒོའི་རྩ་བའི་འགན་འཁུར་སྤྱི་སོ་ཞེས་འཁྲི་ཁུངས་བླ་ཁག་དྲུག་སྟེ། ལྕང་ཅན། ནུབ་པ། ཆོས་སྒོ། ཆེ་བརྒྱུད། སོག་ཚང་། ཨ་མགོན་བཅས་ནས་ལོ་གསུམ་རེ་རེས་འཁོར་གྱིས་སྔར་གཏོང་དེབ་ནས་གསལ་དུས་ཐོག་སོ་སོར་གཏོང་སྒོ་གཏོང་དགོས་ཀྱི་ཡོད། དམིགས་རྟེན་གཏན་འཇགས་ཆོས་གཞིས་སོན་ཁལ་བརྒྱ་སྐོར་ཡོད་པ་དང་། ཞིང་གཡོག་འཁྲི་ཡུལ་རྨམ་པ་དང་། སྦྲ་ཁ། སྲིབ་རི་རོང་བཅས་གསུམ་གྱི་གཏན་འཛུགས་མི་བཅུ་གཉིས་ནས་ས་ཞིང་འདེབས་ལས་དང་། ཞྭ་དགོན་པས་ཚོགས་ཤིང་འོར་འདྲེན་བྱེད་དགོས་ཀྱི་ཡོད་པ་དང་། ཞིང་གཡོག་རྣམས་ལ་གྲྭ་པ་དང་འདྲ་བར་འགྱེད་དང་ཇ་ཐུག་སོགས་གང་ཡོད་ཀྱི་སྐལ་ཐོབ་སྤྲོད་ཀྱི་ཡོད། དགོན་པའི་མཆོད་མེའི་ཐེབས་རྩ་དང་། ཚོགས་གཞུང་གི་གཏོང་ཐེབས་དམིགས་སྒོ། གྲུབ་གྲྭ་ཤར་ནུབ་ཀྱི་དཀར་མེ་དང་འཚོ་ཐེབས་བཅས་དམིགས་རྟེན་དུ་འབྲི་གཡག་ཁྱོན་ཆིག་སྟོང་བཞི་བརྒྱ་ཡོད་པ། གཞན་ཡང་ལོ་ལྟར་བོད་ཟླ་བཞི་པའི་ནང་འབུལ་བསྡུས་སུ་འགྲོ་ཡུལ་ཁམས་ནང་ཆེན་དང་། འབྲོང་པ། རྫ་དམར་ཨ་ཕྲག ཤོ་སྟར་ལྷོ་གསུམ་སོགས་ཁུལ་དུ་སྐྱོད་ཀྱི་ཡོད། གཞན་ཡང་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱིས་ལོ་འཁོར་བཅུ་གཉིས་ཀྱི་ནང་དུ་ཆོས་འཁོར་དུས་ཆེན་གསུམ་འཚོགས་ཀྱི་ཡོད་པ་སྟེ་སྦྲུལ་ལོ་བཀའ་ཆོས། སྤྲེལ་ལོ་བཀའ་ཆོས། ཕག་ལོ་བཀའ་ཆོས་བཅས་ཡིན་བདུག སྐྱོབ་པ་རིན་པོ་ཆེས་འབྲི་གུང་མཐིལ་དུ་མཁན་ཆེན་གུ་ར་བ་གདན་སེ་བསྐོས་པ་ནས་བཟུང་གདན་རབས་ཉེར་གཉིས་པ་དཀོན་མཆོག་རིན་ཆེན་བར་གདན་རབས་རིམ་པར་བྱོན་པ་དང་། གདན་རབས་ཉེར་གསུམ་པ་རིག་འཛིན་ཆོས་གྲགས་ནས་སྐྱེ་སྤྲུལ་ངོས་འཛིན་ཞུ་སྲོལ་དར་ཞིང་། གདན་རབས་ཉེར་གཉིས་པ་དཀོན་མཆོག་རིན་ཆེན་གྱི་སྤྲུལ་སྐུ་དཀོན་མཆོག་འཕྲིན་ལས་བཟང་པོ་ནས་བཟུང་འཕྲིན་ལས་ལྷུན་གྲུབ་བར་ཆེ་ཆུང་སྐུ་ཕྲེང་དྲུག རིག་འཛིན་ཆོས་གྲགས་ཀྱི་སྤྲུལ་སྐུ་དོན་གྲུབ་ཆོས་རྒྱལ་ནས་བཟུང་བསྟན་འཛིན་ཆོས་ཀྱི་སྣང་བ་བར་ཆུང་ཚང་སྐུ་ཕྲེང་བདུན་བྱུང་། རིག་གནས་གསར་བརྗེའི་སྐབས་འབྲི་གུང་དགོན་པར་གཏོར་སྐྱོན་བྱུང་ཡང་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི(༡༩༨༢)ལོ་ནས་ཉམས་གསོ་བྱས་ཐོག་དེང་སྐབས་གྲྭ་གྲངས་ཉིས་བརྒྱ་སྐོར་ནས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་། འབྲི་གུང་དགོན་དེ་གྲོང་ཁྱེར་ལྷ་སའི་གནའ་ཤུལ་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བསྡུས་མིང་འབྲི་གུང་མཐིལ་དགོན་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨས་པ་ཆུས་ཀྱི་ཁོངས་སུ་ཆགས་ཡོད་ཅིང་། དགོན་པ་འདི་ནི་འབྲི་གུང་བཀའ་བརྒྱུད་ཀྱི་རྩ་བའི་གདན་ས་ཡིན་པ་དང་། ཕག་མོ་གྲུ་པའི་དངོས་སློབ་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་གྱིས་དགུང་ལོ་སོ་དགུ་པ་རབ་བྱུང་གསུམ་པའི་ས་ཕག (༡༡༧༩) ལོར་ཕྱག་བཏབ། དགོན་པ་འདིའི་གནས་གཞི་ནི་ཐོག་མར་རྟོགས་ལྡན་མི་ཉག་སྒོམ་རིན་གྱིས་བཏབ་ཀྱང་ཁོང་སྐུ་གཤེགས་རྗེས་ཉེ་གནས་ཀྱིས་གནས་འདི་ཕུལ་བར་བརྟེན་ནས་དགོན་པ་འདི་ཕྱག་བཏབ། ཐོག་མར་གསེར་ཁང་དང་བླ་གཡེལ་ཆེན་པོ་སོགས་རིམ་གྱིས་བརྩིགས། སྔར་དགོན་པ་འདིའི་ཉེ་འདབས་སུ་ཆུ་མིག་བརྒྱ་དང་བརྒྱད་ཡོད་ཀྱང་གཤམ་དུ་འཁོད་པ་ལྟར་འབྲི་གུང་གླིང་ལོག་གི་སྐབས་དགོན་པར་མེ་སྐྱོན་བྱུང་རྗེས་ཆུ་མིག་ཕལ་ཆེ་བ་བསྐམས་ནས་མེད་པར་གྱུར།
- language:
- Tibetan