Skip to main content Skip to search
'bri gung rig 'dzin chos grags
ID:
T238748
  • འབྲི་གུང་རིག་འཛིན་ཆོས་གྲགས (Tibetan, Tibetan script, Original)
    • > 'bri gung rig 'dzin chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drigung rigdzin chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཆུང་ཚང་སྐུ་ཕྲེང་དང་པོ)རྗེ་རིག་འཛིན་ཆོས་གྲགས་ནི་འབྲི་གུང་གདན་རབས་ཉེར་གསུམ་པ་ཡིན་ཞིང་ཡང་ཆོས་རྒྱལ་ཕུན་ཚོགས་དང་ཡུམ་གཡང་ཁུག་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་ལུག(༡༥༩༥)ལོར་རྩ་བར་འཁྲུངས། བོད་ཀྱི་ལོ་རྒྱུས་ཐོག་གདུང་རྒྱུད་ཆེན་པོ་བཞི་ཡོད་ནང་འབྲི་གུང་སྐྱུ་རའི་རིགས་སྲས་ཀྱི་ནང་ནས་ཆུང་ཤོས་དེ་ཡིན། ཡབ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། མཚན་དཀོན་མཆོག་ཕུན་ཚོགས་ཞེས་གསོལ། མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་དྲུང་དུ་མདོ་སྔགས་གཉིས་ཀྱི་གཙོས་པའི་གཞུང་ལུགས་ས་གསན་བཞེས་མཛད་པ་དང་། དེ་བཞིན་བཀའ་རྙིང་གི་བླ་བ་དམ་པ་ཁྱད་འཕགས་རྣམས་བསྟེན་ནས་མདོ་སྔགས་རང་ལུགས་སོགས་ཀྱི་ཆོས་དང་ཐུན་མོང་རིག་གནས་ལ་སྦྱངས་པ་མཛད་ནས་མཁའ་གྲུབ་གཉིས་ལྡན་གྱི་གོ་འཕང་ལ་མངའ་བརྙེས་པའི་མཁས་པའི་སྙན་གྲགས་ཐོབ། སྒྲུབ་པ་ཉམས་བཞེས་ལ་བརྩོན་པར་མཛད། རེ་ཞིག་སྐུ་སྔགས་འཆང་གི་ཆས་སུ་བཞུགས་ནས་གཙང་སྡེ་སྲིད་ཀྱི་སྲས་མོ་ལྕམ་དྲུང་དུ་ཁབ་ཏུ་བཞེས། ལྕམ་དྲུང་མའི་བཞུགས་གནས་སུ་བྱེ་རི་སྟག་རྩེའི་ཕོ་བྲང་གསར་རྒྱག་དང་། གདན་ས་སོགས་ལ་རྟེན་བཞེངས་མང་དུ་མཛད། ཤིང་བྱ(༡༦༤༥)ལོར་བླ་མ་བ་ལོག་པ་སྦྱིན་པ་ཕུན་ཚོགས་ཀྱིས་མཁན་པོ་གནང་ནས་བསྙེན་པར་རྫོགས། ལྷག་པར་གསོ་རིག་ཐད་ཀྱི་སློབ་དཔོན་ནི་ཚེ་ཡི་རིག་བྱེད་འཛིན་པ་གུ་ཎ་ཀཱ་རའི་མཚན་ཅན་བསྟེན་ནས་དཔལ་ལྡན་རྒྱུད་བཞི་གཙོར་གྱུར་གྱི་གཞུང་དང་མན་ངག་ལག་ལེན་སྐོར་རྣམས་ཐུགས་རྒྱུད་གཅིག་འདྲེས་ཀྱི་གདམས་པའི་གནད་རྣམས་མ་ལུས་པ་མཁྱེན་ནས་དེ་དག་ལས་རིམ་བཞིན་སྨན་དཔྱད་ལག་ལེན་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ངེས་པར་རྙེད་དེ་འབྲི་ལུགས་ཞེས་པའི་སྲོལ་གཏོད་ཐོག་མར་མཛད་པ་སོགས་གསོ་རིག་ཐད་ཤིན་ཏུ་མཁས་པར་གྱུར། སྐབས་དེ་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་འབྲི་གུང་ཆོས་གྲགས་ལས་བཀའ་རྙིང་གི་གདམས་པ་ཁག་གཅིག་གསན་བཞེས་གནང་བར་བརྟེན་རིན་ཆེན་ལྔ་ལས་གྲུབ་པའི་སྨན་བཟོའི་ཡོ་བྱད་ངོ་མཚར་ཅན་ཁ་ཤས་འབུལ་གནང་མཛད། རྗེ་འདི་ལ་རྒྱུད་འཛིན་པ་པཎ་ཆེན་དཀོན་མཆོག་ལྷུན་གྲུབ་དང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ། ལྷོ་འཕྲིན་ལས་རྣམ་རྒྱལ་སོགས་སློབ་མ་ཤིན་དུ་མང་། རྗེ་ཉིད་ཀྱི་བརྩམས་ཆོས་ཐད་གྲགས་ཅན《རྒྱུད་བཞིའི་བཀའ་མཆན》དང་། 《རིན་ཆེན་ཕྱག་ལེན》 བཤད་རྒྱུད་རྐྱང་སེལ་སྐོར་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀའ་འདྲི་གནང་བའི་ལན《དཀའ་གནད་དོགས་སེལ》 འབྲི་ལུགས་ཀྱི་ཁྱད་ཆོས་རྨད་དུ་བྱུང་བའི《འབམ་བཅོས་ཚེ་འཛིན་སྲོག་སྐྱོབ》 《རིམས་ནད་ཀུན་གྱི་གཉེན་པོ་འབྲི་ལུགས་སྨན་ནག་འཕྲུལ་འཁོར་ཆེན་མོའི་ཞལ་ཤེས་ཕྱག་ལེན》སོགས་ཕུལ་དུ་ཕྱིན་པའི་སྨན་བཅོས་ཀྱི་ཉམས་མྱོང་རྣམས་ཕྱི་རབས་ནད་པའི་དོན་དུ་འཇོག་གནང་མཛད། དགུང་གྲངས་རེ་གསུམ་ས་ཕག(༡༦༥༩)ལོར་སྐུ་འདས། སྨན་དཔྱད་ལ་མཁས་པས་སྨན་པ་རིག་འཛིན་ཆོས་གྲགས་ཞེས་ཞུ་མཁན་ཡང་ཡོད་པར་སྣང་། རྗེ་འདི་ནས་བཟུང་འབྲི་ལུགས་གདན་སར་སྐྱེ་སྤྲུལ་བརྩད་གཅོད་ཞུ་སྲོལ་དར་ཞིང་། ཁོང་ནི་ཆུང་ཚང་སྐུ་ཕྲེང་དང་པོ་ཡིན།

language:
Tibetan

2. Thupten Phuntsok Dictionary

(ཆུང་ཚང་སྐུ་ཕྲེང་དང་པོ) རྗེ་རིག་འཛིན་ཆོས་གྲགས་ནི་འབྲི་གུང་གདན་རབས་ཉེར་གསུམ་པ་ཡིན་ཞིང་ཡབ་ཆོས་རྒྱལ་ཕུན་ཚོགས་དང་ཡུམ་གཡང་ཁུག་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་ལུག (༡༥༩༥) ལོར་རྩ་བར་འཁྲུངས། བོད་ཀྱི་ལོ་རྒྱུས་ཐོག་གདུང་རྒྱུད་ཆེན་པོ་བཞི་ཡོད་པའི་ནང་འབྲི་གུང་སྐྱུ་རའི་རིགས་སྲས་ཀྱི་ནང་ནས་ཆུང་ཤོས་དེ་ཡིན། ཡབ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། མཚན་དཀོན་མཆོག་ཕུན་ཚོགས་ཞེས་གསོལ། དགེ་བའི་བཤེས་གཉེན་དུ་མའི་དྲུང་དུ་མདོ་སྔགས་གཉིས་ཀྱི་གཙོས་པའི་གཞུང་ལུགས་ལ་གསན་བཞེས་མཛད་པ་དང་། ཤིང་བྱ (༡༦༤༥) ལོར་བླ་མ་བ་ལོག་པ་སྦྱིན་པ་ཕུན་ཚོགས་ཀྱིས་མཁན་པོ་གནང་ནས་བསྙེན་པར་རྫོགས། ལྷག་པར་གསོ་རིག་ཐད་ཀྱི་སློབ་དཔོན་ནི་ཚེ་ཡི་རིག་བྱེད་འཛིན་པ་གུ་ཎ་ཀཱ་རའི་མཚན་ཅན་བསྟེན་ནས་དཔལ་ལྡན་རྒྱུད་བཞི་གཙོར་གྱུར་གྱི་གཞུང་དང་མན་ངག་ལག་ལེན་སྐོར་རྣམས་ཐུགས་རྒྱུད་གཅིག་འདྲེས་ཀྱི་གདམས་པའི་གནད་རྣམས་མ་ལུས་པ་མཁྱེན་ནས་དེ་དག་ལས་རིམ་བཞིན་སྨན་དཔྱད་ལག་ལེན་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ངེས་པར་རྙེད་དེ་འབྲི་ལུགས་ཞེས་པའི་སྲོལ་གཏོད་ཐོག་མར་མཛད་པ་སོགས་གསོ་རིག་ཐད་ཤིན་ཏུ་མཁས་པར་གྱུར། རྗེ་ཉིད་ཀྱི་བརྩམས་ཆོས་ཐད་གྲགས་ཅནརྒྱུད་བཞིའི་བཀའ་མཆན》དང་། རིན་ཆེན་ཕྱག་ལེན》 བཤད་རྒྱུད་རྐྱང་སེལ་སྐོར་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀའ་འདྲི་གནང་བའི་ལནདཀའ་གནད་དོགས་སེལ》 འབྲི་ལུགས་ཀྱི་ཁྱད་ཆོས་རྨད་དུ་བྱུང་བའིའབམ་བཅོས་ཚེ་འཛིན་སྲོག་སྐྱོབ》 རིམས་ནད་ཀུན་གྱི་གཉེན་པོ་འབྲི་ལུགས་སྨད་ནག་འཕྲུལ་འཁོར་ཆེན་མོའི་ཞལ་ཤེས་ཕྱག་ལེན》སོགས་ཕུལ་དུ་ཕྱིན་པའི་སྨན་བཅོས་ཀྱི་ཉམས་མྱོང་རྣམས་ཕྱི་རབས་ནད་པའི་དོན་དུ་འཇོག་གནང་མཛད། དགུང་གྲངས་རེ་གསུམ་ས་ཕག (༡༦༥༩) ལོར་སྐུ་འདས། སྨན་དཔྱད་ལ་མཁས་པས་སྨན་པ་རིག་འཛིན་ཆོས་གྲགས་ཞེས་ཞུ་མཁན་ཡང་ཡོད་པར་སྣང་།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 1595 ལོར་འབྲི་གུང་གཞུ་སྨད་སྤྲོ་ལུང་དུ་ཡབ་རྗེ་ཆོས་རྒྱལ་ཕུན་ཚོགས་དང་། ཡུམ་དཔོན་ས་གཡང་ཁུག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་གདུང་རུས་སྐྱུ་ར་ཡིན། རབ་བྱུང་བཅུ་གཅིག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ 1659 ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡབ་རྗེ་ལས་བཀའ་བརྒྱད་བདེ་འདུས་ཀྱི་གཙོས་དབང་ལུང་མན་ངག་མང་དུ་གསན། དགུང་ལོ་བཅུ་གཅིག་པར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་སྦྱོང་པར་མཛད། དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་། སྡེ་པ་དཀོན་མཆོག མཁན་ཆེན་རྣམ་འཇོམས་ཕུན་ཚོགས་སོགས་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཁས་པ་ཆེན་པོར་གྱུར། དགུང་ལོ་བཅོ་བརྒྱད་པར་[1231]མཁན་ཆེན་བྱམས་པ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་རྫོགས་མཛད་ཅིང་གསང་སྔགས་གསར་རྙིང་གི་དཀའ་གནད་མང་དུ་གསན། དེ་ནས་མདོ་ཁམས་སྟོད་སྨད་དུ་ཕེབས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། དགུང་ལོ་ཉེར་བདུན་པར་ཙ་རི་དང་། མཚོ་དཀར། གཡུ་མཚོ། མེ་འབར་མཚོ། མཚོ་གཉིས་མ། ཀ་ལ་དུང་མཚོ་སོགས་སུ་གནས་མཇལ་དུ་ཕེབས། དགུང་ལོ་སོ་གཉིས་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་ཕེབས་ནས་ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། དེ་ནས་གཞན་གྱིས་ཕྲ་མ་བཅུག་པར་བརྟེན་དགའ་ལྡན་ཕོ་བྲང་གིས་གནས་སྐབས་ཤིག་ལ་དོ་དམ་བྱས་ཀྱང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་གློད་གྲོལ་དུ་བཏང་སྟེ་ཐུགས་མཐུན་ཁྲིམས་གཙང་གིས་ཆོས་འབྲེལ་མཛད། འབྲི་གུང་གི་གདན་ས་དང་། དེ་མིན་གྱི་སྒྲུབ་སྡེ་ཁག་ལ་སྐུ་གསུང་ཐུགས་བསྟན་མང་དུ་བཞེངས་པ་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་དཀོན་མཆོག་ཕུན་ཚོགས་ཞེས་ཞུའོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་ཉེར་གསུམ་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དཀོན་མཆོག་འཕྲིན་ལས་བཟང་པོ་དང་། ལྷོ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ། རྒྱལ་སྲས་བཀྲ་ཤིས་ཕུན་ཚོགས། པཎ་ཆེན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་འགྲོ་ཕན་དབང་པོ་བཅས་མང་དུ་བྱོན། ཁོང་གི་གསུང་རྩོམ་ནི《འདུལ་བ་མདོ་རྩའི་མཆན་འགྲེལ》དང་། 《ཟབ་ལམ་ཆོས་དྲུག་གི་ཁྲིད་ནཱ་རོའི་ཞབས་ཀྱི་ཞལ་[1232]ལུང》། 《དགོངས་གཅིག་གི་རྣམ་བཤད》། 《བདེ་མཆོག་སྒ་ལོའི་ལྷ་ལྔ》། 《དྲིལ་བུའི་ལྷ་ལྔ》། 《དྲུག་ཅུ་པ》། 《ཀྱེ་རྡོ་རྗེ་ས་ལུགས》། 《སྤྱན་རས་གཟིགས་ཕྲེང་བ་སྐོར་གསུམ》། 《ལྷན་སྐྱེས་རྣམ་བཞི》། 《བླ་མེད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་བདུན》། 《ངན་སོང་ཡོངས་སུ་སྦྱོང་བ་གཙུག་ཏོར་དགུ》། 《ཀུན་རིག》། 《བཀའ་བརྒྱད》། 《དགོངས་པ་ཡབ་ཟབ》། 《གཤིན་རྗེ་གཤེད་ཡང་བཟློག་མེའི་སྤུ་གྲི》། 《རྒྱུད་བཞིའི་དཀའ་མཆན》། 《དཀའ་གནད་དོགས་སེལ》། 《འབྲི་གུང་གདན་རབས་པདྨའི་ཕྲེང་བ》བཅས་ཆོས་ཚན་མང་དུ་བཞུགས་སོ། །

language:
Tibetan