Skip to main content Skip to search
'brom mi shAkya ye shes
ID:
T238902
  • འབྲོམ་མི་ཤཱཀྱ་ཡེ་ཤེས (Tibetan, Tibetan script, Original)
    • > 'brom mi shAkya ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drom mi shakya yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁོང་ནི་བོད་ཀྱི་རབ་བྱུང་མ་ཚུགས་གོང་གི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༩༩༣ལོར་མང་མཁར་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆག་སད་ཅིང་ཡི་གེ་འབྲི་ཀློག་སོགས་ཐོགས་མེད་དུ་མཁྱེན་པ་བྱུང་། ཆོས་འཁོར་གྲོམ་པ་རྒྱང་དུ། རྒྱ་ཤཱཀྱ་གཞོན་ནུ་དང་། སེ་ཡེ་ཤེས་བརྩོན་འགྲུས་གཉིས་ཀྱིས་མཁན་སློབ་མཛད་དེ་རབ་ཏུ་བྱུང་ཞིང་འདུལ་བའི་ཆོས་གཞུང་སོགས་ཀྱིས་མཚོན་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་སྦྱངས། བལ་ཡུལ་དུ་བྷ་རེ་ཧཾ་ཐུང་ཞེས་བྱ་བ་ལས་སྔགས་ཀྱི་སྒོར་ཞུགས། དེ་ནས་རྒྱ་གར་དུ་བྱོན་ནས་སློབ་དཔོན་རཏྣ་ཨ་ཀ་ར་ཤནྟི་པ་ལས་འདུལ་བ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱང་མང་དུ་གསན། དེ་ནས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་སློབ་དཔོན་བི་རུ་པའི་སློབ་མ་ནི་ཌོཾ་བི་ཧེ་རུ་ཀ དེའི་བརྒྱུད་པ་འཛིན་པའི་སློབ་དཔོན་མི་ཐུབ་ཟླ་བ་དངོས་ཀྱི་སློབ་མ་མཆོག་དགེ་སློང་དཔའ་བོ་རྡོ་རྗེ་ལས་ཧེ་བཛྲ་རྒྱུད་གསུཾང་ཡན་ལག་དང་བཅས་པ་ལ་སོགས་པའི་གསང་སྔགས་དང་། བསམ་གྱིས་མི་ཁྱབ་པའི་མན་ངག་མང་དུ་ཞུས། ལམ་འབྲས་རྩ་བ་མེད་པ་ཞིག་ཀྱང་གསན་ཏེ། རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ནས་ལོ་ཙཱ་བ་ཆེན་པོར་གྱུར་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཁྲོད་དུ་བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ་དང་། དཔལ་གསང་བ་རྡོ་རྗེའི་རྒྱུད་ཀྱི་ལེའུ་བཞི་པ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། རྣལ་འབྱོར་མ་ཟླ་བའི་ཕྲེང་བ། མཞན་ཡང་རྒྱལ་བའི་བསྟན་འགྱུར་རིན་པོ་ཆེའི་ཁྲོད་དུ་ཡང་། མངོན་པར་རྟོགས་པའི་རིམ་པ། དུར་ཁྲོད་བརྒྱད། དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡན་ལག་དྲུག་པ། འབྱུང་པོ་ཐམས་ཅད་པའི་གཏོར་མ། བདག་མེད་མའི་སྒྲུབ་ཐབས་རྒྱས་པ་བསྟན་པ་བཅས་ཆོས་ཚན་དྲུག་ཅུ་རེ་བདུན་ཙམ་བསྒྱུར་བར་མཛད་ཅིང་། སྤ་དྲོའི་ཚུར་ཉེ་བ་རྣམ་ཐང་དཀར་པོ་ན་བཞུགས་སྐབས། བླ་མ་ག་ཡ་དྷྭ་རས་འཕྲིན་བཏང་ནས་བསུ་རུ་ཤོག་གསུངས། ཆོས་ཅི་ཤེས་དྲིས་པས་རྡོ་རྗེ་ཐེག་པ་ལ་མཁས་པར་དགོངས་ནས་དགེས་བས་བསུ་སྟེ་གྲོམ་པ་ལྷ་རྩེའི་བྲག་ཏུ་བཞུགས་ནས་ཆོས་ཀྱི་ཟླ་བོ་བྱས་པས་ཤིན་ཏུ་མཉེས་ནས་ལོ་ལྔ་བཞུགས་པར་བྱས་བླ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་བ་སོགས་མཛད་དེ་བླ་མའི་ཐུགས་ཤིན་ཏུ་མཉེས་པར་མཛད། དགུང་ལོ་ང་གཉིས་པ་བོད་རབ་བྱུང་དང་པོའི་ཆུ་མོ་ལུག་གི་ལོ་སྟེ་སྤྱི་ལོ༡༠༤༣ལོར་རང་ཡུལ་མང་མཁར་དུ་མྱུ་གུ་ལུང་བཏབ་ཅིང་འཆད་ཉན་སྤེལ་བས། སྒྱེ་སྒོམ་སེ་བོ། གཤེན་སྒོམ་རོག་པོ་དང་རྟོད་མོ་རྡོ་རྗེ་མཚོ་སོགས་གྲུབ་པ་ཐོབ་པའི་སློབ་མ་ཤིན་ཏུ་མང་པོ་བྱུང་སྟེ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས་མཐར་དགུང་ལོ་གྱ་གཉིས་པ་བོད་རབ་བྱུང་དང་པོའི་ཤིང་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༠༧༤ལོར་སྐུ་གཤེགས།

language:
Tibetan