Skip to main content Skip to search
mus chen sems dpa' chen po dkon mchog rgyal mtshan
ID:
T239610
  • མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན (Tibetan, Tibetan script, Original)
    • > mus chen sems dpa' chen po dkon mchog rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mü chen sempa chenpo könchok gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་གཉིས་པ་ཡིན། མུས་སྟག་མོ་གླིང་སྐྱར་ཡབ་དཀོན་མཆོག་བཟང་པོ་དང་ཡུམ་ནམ་མཁའ་སྐྱོང་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ས་ཕོ་འབྲུག་སྤྱི་ལོ་ (༡༣༨༨) ལོར་སྐུ་འཁྲུངས། དགུང་ལོ་དགུ་པར་རྒྱལ་སྲས་ཐོགས་མེད་ཀྱི་སློབ་མ་དབང་འོད་བཟང་པོ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་ཙམ་ནས་རོང་སྟོན་ཤེས་བྱ་ཀུན་རིག །རྗེ་གཞོན་ནུ་རྒྱལ་མཆོག་སོགས་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད། དེ་རྗེས་རེད་མདའ་བའི་བཤེས་གཉེན་བདུན་གྱི་གཙོ་བོ་གངས་ཆེན་ཀུན་དཔལ་ལས་བསྙེན་པར་རྫོགས། དགུང་ལོ་སོ་བདུན་པ་ཤིང་འབྲུག་ལོར་ཆོས་རྗེ་ཀུན་དགའ་བཟང་པོ་ཞལ་མཇལ་བ་ནས་བདེ་དགྱེས་གསང་གསུམ་གྱིས་གཙོས་པའི་རྒྱུད་བཤད་དང་། མན་ངག་སྤྱི་དང་ཁྱད་པར་གསུང་ངག་ལམ་འབྲས་སོགས་ཟབ་ཆོས་མཐའ་ཡས་པར་གསན། ཕལ་ཆེར་མུས་སུ་བཞུགས། དགུང་ལོ་ང་གཉིས་པར་ངོར་དུ་ཕེབས་སྐབས་ངོར་ཆེན་རིན་སྤུངས་པས་གདན་དྲངས་པ་ན་རྗེ་འདིས་དགེ་འདུན་རྣམས་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་སོགས་ཟླ་བ་གཉིས་ཆོས་གནང་། ཡང་དགུང་ལོ་རེ་གཅིག་པར་ངོར་ཆེན་མངའ་རིས་སུ་ཕེབས་སྐབས། ངོར་ཆེན་གྱི་བཀའ་ལྟར་གདན་ས་འདི་ཉིད་དུ་ལམ་འབྲས་སོགས་ཟབ་ཆོས་མཐའ་ཡས་པར་གསུངས། དགུང་ལོ་རེ་དགུ་པ་མེ་བྱི་ལོར་ངོར་ཆེན་གྱི་བཀའ་ལྟར་ངོར་དུ་ཕེབས། ལོ་དེའི་ས་ག་ཟླ་བའི་ཚེས་ཉེར་བཞི་ཉིན་ངོར་ཆེན་རྡོ་རྗེ་འཆང་ཉིད་ཀྱི་སྐུ་ཆོས་དང་། རྡོ་རྗེ་དྲིལ་བུ། རྗེ་ས་ཆེན་གྱི་ཡིན་པའི་ཐང་ག་རྣམས་གནང་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར། དེ་ནས་ཚེས་ཉེར་ལྔ་ཉིན་ངོར་ཆེན་སྐུ་གཤེགས། རྗེས་ཀྱི་བྱ་བ་རྣམས་རྒྱ་ཆེར་བསྒྲུབས་ཤིང་། ཁྱད་པར་བླ་མེད་ངོར་ལུགས་དཀྱིལ་འཁོར་ཆེན་པོ་བདུན་གྱི་ཕྱག་ལེན་རྣམ་པར་དག་པའི་ངོར་སྒྲུབ་མཆོད་ཆེན་མོའི་རྒྱུན་བཙུགས། གཞན་ཡང་ཆོས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་སྐུའི་རྟེན་དུ་ཆོས་རྗེ་ཉིད་ཀྱི་སྐུ་འདྲ་སྐུ་ཚད་མ་དང་། གསུང་གི་རྟེན་དུ་རྗེ་བཙུན་ས་སྐྱ་ཡབ་སྲས་ལྔ་ཆོས་རྗེ་ཉིད་དང་བཅས་པའི་བཀའ་འབུམ་དང་། ཐུགས་ཀྱི་རྟེན་དུ་གཙང་ཁང་གི་ནང་དུ་གདུང་ཚྭ་བཞུགས་པའི་མཆོད་རྟེན་ཆེ་བ་གསེར་གྱི་སྤྲས་པ་དང་། དགོན་པའི་གཤམ་དུ་ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད། རེ་རེ་ལ་ཡང་གསེར་གདུགས་གསེར་ཏོག་དང་བཅས་པ་རྣམས་ལོ་གཅིག་ལྷག་ཙམ་གྱི་ནང་དུ་ཡོངས་སུ་རྫོགས་པ་གྲུབ་སྟེ་རབ་གནས་རྒྱུད་སྡེ་དང་མཐུན་པར་མཛད། སྐུ་གདུང་རིང་བསྲེལ་བྱུང་བ་རྣམས། གསེར་སྐུ་གཉིས་ཀྱི་ཐུགས་ཀར་བཞུགས་ཤིང་། ལྷག་མ་གདུང་ཐལ་དང་བཅས་པ་རྣམས་ལ་སཙྪ་ཁྲི་ཚོ་བདུན་བཏབ་ནས། ཕྱེད་བདེ་གཤེགས་མཆོད་རྟེན་བརྒྱད་དང་གཙང་ཁང་གི་འབུམ་པའི་ནང་དུ་བཞུགས། ཕྱེད་གསེར་ལ་སོགས་པའི་ན་བཟའ་ཅན་དུ་བྱས་ཏེ། ཕྱོགས་སུ་དད་པའི་རྟེན་དུ་བྱིན་པར་མཛད་དོ། །མེ་བྱི་ལོར་ངོར་ཆེན་སྐུ་གཤེགས་པ་ནས་ལྕགས་སྦྲུལ་ལོའི་བར་གདན་ས་ལོ་ལྔ་མཛད། ལྕགས་སྦྲུལ་ལོའི་ཆོས་འཁོར་དུས་ཆེན་ཉིན་ནས་འཇམ་དབྱངས་ཤེས་རབ་རྒྱ་མཚོས་གདན་ས་མཛད་རྗེས་སླར་མུས་ཆེན་གདན་དྲངས་ཏེ་སྦྲུལ་ལོའི་སྟོན་ནས་རྟ་ལོའི་དཔྱིད་བར་བཞུགས་ནས། ཕྱོགས་ཀྱི་དགེ་འདུན་སྟོང་ཕྲག་ཙམ་འདུས་པ་ལ་གསུང་ངག་ལམ་འབྲས་གསུངས་པས་མཚོན་སྔ་ཕྱིར་ལམ་འབྲས་ཚར་ཉེར་དགུ་ཙམ་གསུངས། དེ་ལྟར་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་སློབ་ཚོགས་མཐའ་ཡས་པ་ཡོད་པ་རྣམ་ཐར་ལས་ཤེས་པར་བྱ། དེ་ནས་སྤྱི་ལོ་ (༡༤༧༠) སྟེ་དགུང་ལོ་གྱ་གསུམ་པ་ལ་མུས་བསམ་གཏན་ཕུག་ཏུ་བདེ་བར་གཤེགས་སོ། །

language:
Tibetan