- tsha sprul ngag dbang blo bzang
- ID:
- T240807
- ཚ་སྤྲུལ་ངག་དབང་བློ་བཟང (Tibetan, Tibetan script, Original)
- > tsha sprul ngag dbang blo bzang (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsa trul ngawang lo zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག(༡༨༨༠)ལོར་གཞིས་རྩེ་བདེ་ལེགས་རབ་བརྟན་པའི་ཁྱིམ་དུ་འཁྲུངས་ཤིང་། ཁོང་བྱིས་པའི་དུས་དགའ་ལྡན་ཁྲི་པ་སེར་སྨད་ཚ་བ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས་པ་ལྟར་དགུང་ལོ་ལྔ་ལ་སེ་རར་ཆོས་ཞུགས་གནང་། ཁོང་གཞོན་ནུའི་དུས་ནས་ཐུགས་རིག་རྣོ་ཞིང་སྤྱང་གྲུང་འཛོམས་པས་དགུང་ལོ་དྲུག་ནས་བོད་ཡིག་འབྲི་ཀློག་གསན་བཞེས་དབུ་བཙུགས་ཏེ་སེར་སྨད་ཡེར་པ་ཁམས་ཚན་གྱི་དགེ་བཤེས་མིང་འདོགས་ལ་གོ་ལོག་ཞུ་བ་ལས་མཚན་ཉིད་གསན་པ་དང་། སེར་བྱེས་ཧར་གདོང་དགེ་བཤེས་ཧར་ཆེན་ལས་སུམ་རྟགས་དང་། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ་ལས་སྙན་ངག་སོགས་གསན་པ་དང་། དེ་ནས་རིམ་བཞིན་མཁས་པ་མང་པའི་ཞབས་ལ་གཏུགས་ནས་གཞུང་ཆེན་བཀའ་པོད་ལྔ་དང་མདོ་སྔགས་རིག་གནས་སོགས་ལ་མཁས་པར་སྦྱངས་པས་དགུང་ལོ་ཉེར་ལྔའི་ཐོག་ལྷ་རམས་པའི་དགེ་བཤེས་མཚན་བཏགས་བཞེས། རྒྱུད་སྨད་གྲྭ་ཚང་དུ་ཕེབས། དེ་རྗེས་བོད་ཀྱི་ས་གནས་ཁ་ཤས་ལ་ཕེབས་ཏེ་སླར་ཡང་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་རིག་གནས་དང་། ལོ་རྒྱུས། སྙན་ངག གསོ་རིག སྐར་རྩིས་སོགས་རིག་གནས་སྣ་ཚོགས་ལ་སྦྱང་བརྩོན་གནང་བས་མཚན་དོན་མཚུངས་པའི་མཁས་དབང་དུ་གྱུར། དེ་རྗེས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས་ཁོང་ལ་བསྔགས་བརྗོད་གནང་ཐོག་ནང་དོན་པཎ་ཆེན་སྐུ་ཕྲེང་དགུ་པའི་མཚན་ཞབས་གནང་མུར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བསྐོང་འགུགས་གནང་ནས་མཚན་ཞབས་དང་སྐུ་སྒེར་དྲུང་ཡིག་གཅིག་ལྕོགས་སུ་བསྐོ་གཞག་མཛད་ཐོག་ཚ་སྤྲུལ་རིན་པོ་ཆེ་ནི་མདོ་སྔགས་རིག་གནས་ལ་མཁས་པ་ཡིན་ཞེས་བསྔགས་བརྗོད་གནང་ནས་ཐུགས་བརྩེ་ཆེ་བར་མཛད། ཕྱོགས་མཚུངས་མཁས་དབང་ཤེས་རབ་རྒྱ་མཚོ་རིན་པོ་ཆེ་དང་ལྷན་དུ་བཀའ་བསྟན་འགྱུར་ཞུས་དག་མཛད་པ་བཅས་ལ་བརྟེན་ནས་སྙན་པའི་གྲགས་པ་གངས་ལྗོངས་ཀུན་ཏུ་ཆེས་ཆེར་ཁྱབ་ཅིང་། སློབ་དཔོན་དུ་བསྟེན་མི་རྫོགས་མཐའ་མེད་པར་གྱུར། བོད་ས་སྤྲེལ(༡༩༠༨)ལོའི་ཟླ་བ་བཞི་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རི་བོ་རྩེ་ལྔར་བཞུགས་སྐབས་རི་པིན་ཉི་ཤི་ཧོང་ཀན་ཇིའི་ལྷ་ཁང་ཆེན་མོའི་མཁན་པོ་ཀོ་ཇུའི་ཨོ་གྲ་ནི་ཟེར་བས་ཤེས་འཕྲལ་ཁོང་གི་སྐུ་མཆེད་ཆུང་བ་སོ་ཡུ་ཨོ་ཀྲ་ནི་ཟེར་བ་མཇལ་ཕྱག་ཞུ་བར་ཆེད་བཏང་གིས་མཇལ། ཧོང་ཀན་ཇིའི་ལྷ་ཁང་ནས་ཇོ་ཏོ་ཡོན་དགོན་པའི་ཕྱག་དཔེ་པོད་གསུམ་དང་། རི་པིན་ནང་ཤིན་ཤུ་ཟེར་བའི་ཆོས་ལུགས་ཐོག་མར་སྟོན་པ་པོ་ཤིང་རན་གྱིས་བྲིས་གནང་བའི་སན་ཇོ་ཝ་སན་ཞེས་པའི་ཕྱག་དཔེ་ཞིག་དང་། དེ་མིན་དངོས་པོ་མང་པོ་ཕུལ་ཐོག་སླད་ཆོས་ཀྱི་འབྲེལ་བ་ཡོང་བ་དང་། ཕན་ཚུན་ཆོས་ཀྱི་སློབ་གཉེར་བ་གཏོང་རྒྱུའི་རེ་བ་ཞུས་པར་ཏཱ་ལའི་བླ་མ་བཅུ་གསུམ་པ་མཆོག་ནས་ཐུགས་མོས་ཆེན་པོ་གནང་ནས《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ》ལ་སོགས་པའི་ཕྱག་དཔེ་མང་པོ་གསོལ་རས་གནང་བ་མ་ཟད། རྗེས་སུ་བཀའ་འགྱུར་གྱི་ཕྱག་དཔེ་གནང་རྒྱུ་དང་། ཆོས་སྤེལ་ཕྱིར་སྐུ་ཚབ་ཏུ་ཚ་སྤྲུལ་རིན་པོ་ཆེ་ངག་དབང་བློ་བཟང་རི་པིན་ཏུ་གཏོང་རྒྱུའི་ཞལ་བཞེས་གནང་། ལྕགས་ཕག(༡༩༡༡)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་རྡོ་རྗེ་གླིང་དུ་བཞུགས་སྐབས་སྔར་རི་བོ་རྩེ་ལྔར་ཞལ་བཞེས་ཐོབ་དོན་ལྟར་ཚ་སྤྲུལ་རིན་པོ་ཆེ་རི་པིན་དུ་གཏོང་གནང་ཡོད་པའི་གདན་ཞུ་འབྱོར་བ་བཞིན་རི་པིན་སྤངས་སྐྱོ་ཨའོ་ཀི་དང་མཉམ་དུ་ཚ་སྤྲུལ་རིན་པོ་ཆེ་རི་པིན་དུ་གཏོང་གནང་མཛད་ཐོག་ཨོ་ཏོ་ཉི་ཤི་ཧོང་ཀན་ཇིའི་དགོན་སོགས་སུ་བཞུགས་ནས་ཆོས་ཀྱི་སློབ་ཁྲིད་མང་པོ་གནང་བས་རི་པིན་ནང་པའི་ཆོས་པ་ཚོས་ཁོང་ལ་དད་གུས་ཧ་ཅང་ཆེན་པོ་ཞུས་པ་དང་། རི་པིན་དུ་གཏན་བཞུགས་ཡོང་བའི་རེ་བ་མང་པོ་ཞུས་ཤིང་རི་པིན་དུ་ཏཱ་ལའི་བླ་མའི་སྐུ་ཚབ་ཏུ་ཆེད་གཏོང་གནང་བའི་བོད་ཀྱི་བླ་ཆེན་དང་པོ་དེ་ཡིན་པས་ཁོང་གི་མཛད་རྗེས་ལོ་རྒྱུས་དེས་རི་པིན་དང་མཛའ་གྲོགས་ཤེས་རིག་གི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རི་པིན་གཞུང་ཕྱོགས་ལ་འབྲེལ་བ་ཞུ་རྒྱུའི་ནང་དོན་བཀའ་མངག་གནང་ཡོད་ཚོད་ཀྱང་སྐབས་དེར་སུའུ་ལེན་དང་རི་པིན་དབར་འགལ་ཟླ་ཆེ་བའི་རྐྱེན་གྱིས་དོན་ཕན་ཆེ་བཟོ་གང་ཡང་བྱུང་མེད། འོན་ཀྱང་ཁོང་གིས་རི་པིན་ནས་ལྕགས་ཕག་ལོའི་གསར་བརྗེའི་སྐོར་ནང་གནས་ཡང་ཡང་ཞུས་པར་རྒྱལ་དབང་བཅུ་གསུམ་པས་དགྱེས་ཚོར་ཆེན་པོ་གནང་ཐོག་རྡོར་གླིང་དུ་ཕྱིར་ལོག་ཕེབས་དགོས་པའི་བཀའ་བཞིན། རི་པིན་པ་སོན་མོ་ཀྲ་ནིས་མངག་གཏོང་བྱས་པའི་རི་པིན་པ་ཀྲོ་ཀན་ཀྲ་ཀྲ(ཕྱིས་ཐུབ་བསྟན་རྒྱལ་མཚན་ཟེར)དང་མཉམ་དུ་ཆུ་བྱི(༡༩༡༢)ལོར་རྡོ་རྗེ་གླིང་དུ་ཕེབས། (ཐུབ་བསྟན་རྒྱལ་མཚན་སེ་རར་གྲྭ་པ་བྱས) དེ་ནས་ཚ་སྤྲུལ་རིན་པོ་ཆེ་ཏཱ་ལའི་བླ་མ་དང་ལྷན་དུ་བཞུགས། ཆུ་བྱི་ལོ་(༡༩༡༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྡོ་རྗེ་གླིང་ནས་ལྷ་སར་ཡོད་པའི་ལུ་ཅུན་དཔོན་རིགས་ཚོར་ཞི་གྲོས་བཀའ་མོལ་གནང་བར་སྲིད་བློན་ཆང་ཁྱིམ་པ་དང་། ཚ་སྤྲུལ་རིན་པོ་ཆེ། ལས་བྱ་རྩེ་མགྲོན་བསྟན་འཛིན་རྒྱལ་མཚན་བཅས་གཏོང་གནང་གིས་ཞི་གྲོས་བྱུང་མཚམས་ཚ་སྤྲུལ་རིན་པོ་ཆེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚབ་མཛད་འཁུར་བཞེས་ཏེ་ཞི་གྲོས་ཡིག་ལན་གནང་། ཏཱ་ལའི་བླ་མ་ལྷ་སར་ཕེབས་རྗེས་མཚན་ཞབས་དང་བཀའ་འགྱུར་ཞུས་དག་འཕྲོ་སྐྱོང་གནང་། རྗེས་སུ་སྐུ་བཅར་གཟིམས་དཔོན་མཁན་པོ་ཡང་གནང་མྱོང་ཡོད་ཅིང་ཏཱ་ལའི་བླ་མ་སྐུ་ངོ་མས་ལྷ་ས་དགོན་གསེབ་ཤར་གྱི་ཁང་ཁོངས་སྒོ་ར་ཕྱི་ནང་ཚང་མ་གཏན་འཇགས་ཀྱི་བཀའ་ཡིག་ཀྱང་གནང་ཡོད། དེ་རྗེས་མྱང་བྲན་ཕ་བོང་ཁའི་མཁན་པོ་གནང་། དེ་རྗེས་གོ་མིན་ཏང་གི་ལྷ་ས་སྐྱིད་སྟོད་པའི་སློབ་གྲྭའི་བོད་ཡིག་དགེ་རྒན་གནང་བ་སོགས་ཆོས་སྲིད་གང་ཐད་ནས་ཕྱག་ལས་མང་པོ་གནང་ཡོད། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་(༡༩༥༡)ལོའི་ལོ་མཇུག་ཏུ་བོད་བསྐྱོད་བཅིངས་འགྲོལ་དམག་ལྷ་སར་འབྱོར་རྗེས་རང་མོས་ངང་གསར་བརྗེའི་ལས་ཀར་ཞུགས། ཐོག་མར་བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭའི་ཞའོ་ཀྲང་གཞོན་པ་གནང་བ་དང་། སྐུ་ངོ་མས་སློབ་ཚན་བཟོ་ཁྲིད་མཛད། ཆུ་འབྲུག(༡༩༥༢)ལོར་བོད་དམག་ཁུལ་ཁང་གི་རྩོམ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་སྐབས། ཁོང་གིས་རྒྱུན་ལས་ཨུ་ཡོན་གྱི་ལས་འགན་བཞེས། ཀློག་པ་པོས་ཧ་ཅང་དགའ་པོ་བྱེད་པའི་གོ་བདེ་བའི་སུམ་རྟགས་ཀྱི་སློབ་དེབ་ཅིག《ཚ་སྤྲུལ་སུམ་རྟགས》ཅེས་པ་མཛད། གཞན་ཡང་པར་བསྐྲུན་དངོས་སུ་མ་བྱས་པའི་སློབ་དེབ་ཧ་ཅང་མང་པོ་ཡོད་སྐད། ཁོང་གིས་ད་དུང་ལྷ་སའི་ཟས་ཞིམ་སློབ་གྲྭ་ཆུང་བའི་ཏུང་ཧྲི་ཀྲང་དང་། ཞའོ་ཀྲང་གཞོན་པ་གཅིག་ལྕོགས། བོད་དམག་ཁུལ་ཁང་ལས་བྱེད་སློབ་གྲྭའི་བོད་ཡིག་དགེ་རྒན་དང་། སློབ་གྲྭ་དེའི་བོད་ཡིག་སློབ་ཚན་རྩོམ་སྒྲིག་པ་གཅིག་ལྕོགས་བཅས་ཀྱི་ལས་འགན་བཞེས། མེ་སྤྲེལ(༡༩༥༦)ལོར་ཁོང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གནང་ཤིང་གསར་འགྱུར་སྦྱོང་བརྡར་འཛིན་གྲྭའི་བོད་ཡིག་དགེ་རྒན་གྱི་ལས་འགན་གཅིག་ལྕོགས་ཀྱང་གནང་བ་དང་། དེ་དག་གི་སྔ་རྗེས་སུ་སྲིད་འཛིན་ལས་བྱེད་སློབ་གྲྭ་དང་། རྒྱལ་གཅེས་གཞོན་ནུ་མཐུན་གྲོགས་ཚོགས་པ་སོགས་ལ་སྐུ་ངོ་མས་སློབ་ཁྲིད་གནང་བ་དང་སྦྲགས་སློབ་དེབ་རྩོམ་སྒྲིག་ཀྱང་འབོར་ཆེན་གནང་ཡོད། ཁོང་གིས་ཆེད་གཉེར་སློབ་གྲྭར་སློབ་ཁྲིད་རྒྱ་ཆེན་མཛད་པ་མ་ཟད། ཟུར་ཁྲིད་ཀྱི་སློབ་མ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་ཅིང་དེ་དག་ལའང་མཐོ་དམན་དྲག་ཞན་གྱི་དབྱེ་བ་མེད་པར་ལྗགས་ཁྲིད་གནང་བ་དང་མཛད་བཟང་བསམ་གྱིས་མི་ཁྱབ་པ་ཡོད། ཚ་སྤྲུལ་རིན་པོ་ཆེ་ནི་སློབ་གསོ་མཁས་ཅན་ཞིག་ཡིན་པ་མ་ཟད། ལོ་རབས་ལྔ་བཅུ་པའི་སྙན་ངག་མཁས་ཅན་ཞིག་ཀྱང་ཡིན། ཤིང་རྟ(༡༩༥༤)ལོར་ཁམས་བོད་གཞུད་ལམ་དང་། མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པར་རྟེན་འབྲེལ་མཚོན་ཕྱིར་བརྩམས་པའི《གཡུ་ཡི་སྐེ་རགས་གསེར་གྱི་ཟམ་པ》སོགས་དང་། ཤིང་ལུག(༡༩༥༥)ལོར་བརྩམས་པའི《མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིར་གླུ་དབྱངས་ལེན》ཞེས་པ་སོགས་སྙན་རྩོམ་དེ་དག་གི་བརྗོད་བྱ་ཟབ་ཅིང་བརྗོད་བྱེད་སྙན་འཇེབས་ལྡན་པ་ཤ་སྟག་ཡིན། མདོར་ན་ཁོང་ནི་ཉེ་དུས་བོད་ཀྱི་སློབ་གསོ་མཁས་ཅན་དང་། ཆོས་ལུགས་མཁས་ཅན། སྙན་རྩོམ་མཁས་ཅན་བཅས་ཡིན། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ(༡༩༥༧)ལོའི་སྤྱི་ཟླ༡༢པའི་ཚེས་༡ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
བོད་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག སྤྱི་ལོ (༡༨༨༠) ལོར་གཞིས་རྩེ་བདེ་ལེགས་རབ་བརྟན་པའི་ཁྱིམ་དུ་འཁྲུངས་ཤིང་། ཁོང་བྱིས་པའི་དུས་དགའ་ལྡན་ཁྲི་པ་སེར་སྨད་ཚ་བ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས་པ་ལྟར་དགུང་ལོ་ལྔ་ལ་སེ་རར་ཆོས་ཞུགས་གནང་། ཁོང་གཞོན་ནུའི་དུས་ནས་ཐུགས་རིག་རྣོ་ཞིང་སྤྱང་གྲུང་འཛོམས་པས་དགུང་ལོ་དྲུག་ནས་བོད་ཡིག་འབྲི་ཀློག་གསན་བཞེས་དབུ་བཙུགས་ཏེ་སེར་སྨད་ཡེར་པ་ཁང་ཚན་གྱི་དགེ་བཤེས་མིང་འདོགས་ལ་གོ་ལོག་ཞུ་བ་ལས་མཚན་ཉིད་གསན་པ་དང་། དེ་རྗེས་བོད་ཀྱི་ས་ཁ་ཤས་ལ་ཕེབས་ཏེ་སླར་ཡང་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་རིག་གནས་དང་། ལོ་རྒྱུས། སྙན་ངག་གསོ་རིག སྐར་རྩིས་སོགས་རིག་གནས་སྣ་ཚོགས་ལ་སྦྱང་བརྩོན་གནང་བས་མཚན་དོན་མཚུངས་པའི་མཁས་དབང་དུ་གྱུར། མདོར་ན་ཁོང་ནི་ཉེ་དུས་བོད་ཀྱི་སློབ་གསོ་མཁས་ཅན་དང་། ཆོས་ལུགས་མཁས་ཅན། སྙན་རྩོམ་མཁས་ཅན་བཅས་ཡིན། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་སྤྱི་ལོ (༡༩༥༧) ལོའི་སྤྱི་ཟླ༡༢པའི་ཚེས༡ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1880 ལོར་གཞི་རྩེ་བདེ་ལེགས་རབ་བརྟན་གྱི་ཁྱིམ་དུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ 1957 ལོར་ལྷ་སར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དགའ་ལྡན་ཁྲི་པ་སེར་སྨད་ཚ་བ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས་པ་ལྟར་དགུང་ལོ་ལྔ་པར་སེ་རར་ཆོས་ཞུགས་མཛད་ཅིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་དགུང་ལོ་ཉེར་གཅིག་པར་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྨད་དུ་ཆོས་ཞུགས་མཛད་ཅིང་གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ཕུལ་དུ་བྱུང་བ་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕེབས་པ་དང་། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་མངགས་ལྟར་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1911 ལོར་རི་པིན་རྒྱལ་ཁབ་ཏུ་ཕེབས་ཏེ་ཨོ་ཏོ་ནི་ཤི་ཧོང་ཀན་ཇིའི་དགོན་དུ་ལོ་གཅིག་ཙམ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ 1921 ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་བཀའ་འགྱུར་ཞུས་དག་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1934 ལོར་བོད་ཡིག་སློབ་[1374]གྲྭའི་དགེ་རྒན་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1945 ལོར་སྲིད་སྐྱོང་སྟག་བྲག་གིས་ཕ་བོང་ཁའི་མཁན་པོའི་གོ་གནས་ཕྱིར་འཐེན་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1952 ལོར་བོད་ལྗོངས་རྩོམ་ཞིབ་ཨུ་ཡོན་ལྷ་ཁང་གི་ཨུ་ཡོན་དང་། སྤྱི་ལོ 1956 ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དང་། ལྷ་ས་སློབ་ཆུང་གི་ཞའོ་ཀྲང་གཞོན་པ་སོགས་ཀྱི་ཐུགས་འགན་བཞེས་སོ། དེ་ལྟར་དགུང་ལོ་དོན་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དུང་དཀར་བློ་བཟང་འཕྲིན་ལས་དང་། ཚ་བ་ཡེ་ཤེས་འཕྲིན་ལས། རྒྱལ་རོང་ཡོན་ཏན་རྒྱ་མཚོ། རྒྱལ་རོང་བྱམས་པ་བརྩོན་འགྲུས། ཟུར་ཁང་དབང་ཆེན་དགེ་ལེགས། ཧོར་ཁང་བསོད་ནམས་དཔལ་འབར། བྱང་ངོས་པ་རྡོ་རྗེ་དངོས་གྲུབ་བཅས་མང་དུ་བྱོན། ཁོང་གི་གསུང་རྩོམ་ནི《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བ》དང་། 《སུམ་ཅུ་པའི་རྩ་བའི་འགྲེལ་བ》། 《སུམ་ཅུ་པའི་རྩ་འགྲེལ་གྱི་དཔེར་བརྗོད》། 《སྙན་ངག་མེ་ལོང་གི་ལེའུ་དང་པོ་དང་ལེའུ་གཉིས་པའི་འགྲེལ་བ་དང་དཔེར་བརྗོད》། སྙན་ཚིག་གསར་རྩོམ《གཡུ་ཡི་སྐེ་རགས་གསེར་གྱི་ཟམ་པ》། 《ཙུང་ལི་ཀྲའུ་ཨེན་ལེན་ལ་བསྟོད་པ》བཅས་མང་དུ་བཞུགས་སོ། །
- language:
- Tibetan