Skip to main content Skip to search
mtshams khung dgon pa
ID:
T241254
  • མཚམས་ཁུང་དགོན་པ (Tibetan, Tibetan script, Original)
    • > mtshams khung dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsam khung gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚམས་ཁུང་དགོན་པ་ནི་གྲོང་ཁྱེར་ལྷ་སའི་ལྷོ་ཕྱོགས་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད། སྤྱི་ལོའི་དུས་རབས་བདུན་པར་གནས་དེར་རབ་བྱུང་གི་ས་ཁུང་ཞིག་ཡོད་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དེར་སྐུ་མཚམས་མཛད་ནསལྷ་ས་སྐྱིད་ཆུའི་འཇིགས་པ་ལས་ལྡོག་པར་མཛད་པས་མཚམས་ཁུང་ཞེས་མིང་དུ་འབོད། རྟེན་དུ་ལྷ་མོའི་ཞལ་འབག་དང་། སྲོང་བཙན་ཉིད་ཀྱི་སྐུ་བརྙན་མཐོ་གང་གི་ཆ་ཚད་བཅས་བཞེངས། སྤྱི་ལོའི་དུས་རབས་བཅོ་ལྔར་བདག་ཉིད་ཆེན་པོ་ཙོང་ཁ་པའི་དངོས་སློབ་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་གནས་འདིར་ཕེབས་ནས་སྒོམ་སྒྲུབ་མཛད། རང་ཉིད་ཀྱི་རྟོག་པ་བརྒྱུད་འཛིན་དང་། ལྷག་པར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་བཞེས་གཙོ་བོར་མཛད་མཁན་བཙུན་མ་བཅུ་སྐོར་ཞིག་ལས་གྲུབ་པའི་མོ་དགོན་འདུ་ཁང་ཀ་བ་བརྒྱད་དང་། རྡོ་རྩིག་ཅན་གྱི་སྤྱིལ་བུ་བསྐྲུན་པ་ལ། རྟེན་གྱི་གཙོ་བོར་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཚེ་དཔག་མེད། སློ་དཔོན་པདྨ། མཁའ་སྤྱོད་མ་བཅས་དང་། ས་དམར་ལས་བཞེངས་པའི་སྟེགས་བུ་བྱས་པའི་མ་ཎི་ལག་བསྐོར་བརྒྱད་བཅས་བཞེངས། སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོར་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་དང་། དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་རྣམ་གཉིས་ནས་དགོན་པ་རྒྱ་བསྐྱེད་ཀྱིས་འདུ་ཁང་ཐོག་བརྩེགས་ཅན་ཀ་བ་བཅུ་དྲུག་ལ། སྒོ་འཕྱོར་ཀ་བ་གཉིས། ལྡེབས་བྲིས་སུ། ཙོང་ཁ་པ་ཡབ་སྲས། ཇོ་བོ་ཡབ་སྲས། ཡོངས་འཛིན་རྣམ་གཉིས། གཞན་ཡང་ཡི་དམ་ལྷའི་སྐུ་བརྙན་སོགས་ཚོན་མདངས་བཀྲ་བའི་ལྡེབས་བྲིས་ཀྱིས་ཁྱབ། རྟེན་དུ་ཕ་བོང་ཁ་པའི་སྐུ་བརྙན་མདའ་ཚད་མ་དང་། བདེ་མཆོག་གི་འཇིམ་བརྙན་བཅས་བཞེངས། བཙུན་མ་གསར་བཞུགས་ཇེ་མང་དུ་སོང་ནས་བཙུན་གྲངས་དགུ་བཅུ་ལྷག་ཙམ་ཟིན་པར་བརྟེན། སྤྱིལ་བུ་གསར་བསྐྲུན་མཛད་ནས་སྒོ་ར་མདོ་སྦུག་གཉིས་སུ་གྱུར། ཕྱག་ལེན་གཙོ་བོ་བདེ་མཆོག་ཡབ་ཡུམ་ཉམས་བཞེས། གནས་བཅུ། སྨན་བླ། བླ་མཆོད་སོགས་ཀྱི་ཆོ་ག་འདོན་པ་བཅས་དང་། དེང་སྐབས་དགོན་པའི་འདུ་ཁང་དུ་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྐྱབས་རྗེ་ཕ་བོང་ཁ་པའི་ཞལ་འདྲ། མཁའ་སྤྱོད་མའི་སྐུ་སོགས་ཡོད་པ་དང་། ཆོས་རྒྱལ་གྱི་ཚམས་ཁུང་དུ་སྲོང་བཙན་སྒམ་པོའི་སྐུ་བརྙན་བཅས་ཡོད། དེང་སྐབས་བཙུན་མ་ཞལ་གྲངས་བདུན་བཅུ་ལྷག་ཙམ་ཡོད་པ་དང་། ཉ་སྟོང་བརྒྱད་གསུམ་བཅས་ལ་ལྟུང་བཤགས་དང་། སྒྲོལ་མའི་ཆོ་ག བདེ་མཆོག་དང་འབྲེལ་བའི་བླ་མཆོད། གནས་བཅུའི་ཆོ་ག སྨན་བླའི་ཆོ་ག་བཅས་རྒྱུན་འདོན་ཕྱག་བཞེས་གནང་གི་ཡོད།

language:
Tibetan

2. Thupten Phuntsok Dictionary

མཚམས་ཁུང་དགོན་པ་ནི་གྲོང་ཁྱེར་ལྷ་སའི་ལྷོ་ཕྱོགས་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད། སྤྱི་ལོའི་དུས་རབས་བདུན་པར་གནས་དེར་རང་བྱུང་གི་ས་ཁུང་ཞིག་ཡོད་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དེར་སྐུ་མཚམས་མཛད་ནས་ལྷ་ས་སྐྱིད་ཆུའི་འཇིགས་ལས་ལྡོག་པར་མཛད་པས་མཚམས་ཁུང་ཞེས་མིང་དུ་འབོད།

language:
Tibetan