- mtshams bcad pa grags pa bsod nams
- ID:
- T241258
- མཚམས་བཅད་པ་གྲགས་པ་བསོད་ནམས (Tibetan, Tibetan script, Original)
- > mtshams bcad pa grags pa bsod nams (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsam chepa drakpa sönam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་གདན་རབས་དྲུག་པ་འདི་ཉིད་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་ཡབ་རྡོ་རྗེ་སེང་གེའི་སྲས་སུ་ཡུལ་འདན་སྟོད་ཀྱི་གྲོང་ཁྱེར་ཙོང་ངུ་ན་སྐུ་བལྟམས། སྐུ་སྐྱེད་བསྲིངས་པ་ན་ཡི་གེ་སློབ་པའི་གྲྭར་བཞུགས། རིང་པོར་མ་ཐོགས་པར་ཡིག་རིགས་མི་གཅིག་པ་ཇི་སྙེད་ལ་འབྲི་ཀློག་མཁས་པར་གྱུར། དགོང་ལོ་བཅུ་གསུམཔ་ལ་གཅེན་ཆོས་རྗེ་ཐོག་ཁ་བ་རིན་པོ་ཆེའི་སྤྱན་སྔར་རབ་ཏུ་བྱུང་། མཚན་གྲགས་པ་བསོད་ནམས་ཞེས་གསོལ། དེ་ནས་རིམ་གྱིས་གཅེན་ཐོག་ཁ་བའི་དྲུང་ལས་ཆོས་མཛོད་མ་ལུས་པ་གསན་ཅིང་བྱང་ཆུབ་པར་གྱུར། དགུང་ལོ་བཅུ་བདུན་བཞེས་ཚེ་བསམ་གཏན་གྱི་ཁང་བུར་ལོ་གསུམ་བར་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་གཅེན་ཐོག་ཁ་བ་ལས་བསྙེན་པར་རྫོགས་ཤིང་གདན་གཅིག་དང་རྡོར་དཀར་གྱིས་དུས་འདའ་བར་མཛད། སླར་ལོ་བཅུ་གསུམ་བར་ཟབ་མོའི་རྣལ་འབྱོར་ལས་མི་གཡོ་བར་བཞུགས། ཡོན་ཏན་གྱི་རྣམ་པ་དཔག་མེད་ཤར་ཏེ་འཕགས་པ་འཇིག་རྟེན་དབང་ཕྱུག་འོད་འཕྲོ་བ་དུས་རྟག་པར་གཟིགས་ཤིང་། ཐིག་ལེ་འོད་ལྔའི་ནང་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བའི་ཞིང་ཁམས་ཀྱང་དུ་མ་གཟིགས། གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས། རབ་བྱུང་ལྔ་པའི་ཤིང་བྱ(༡༢༨༥)ལོར་འབྲི་གུང་གི་གདན་ཁྲིར་ཕེབས། ལོ་དེ་ཉིད་ལ་རིན་པོ་ཆེ་སྣ་བདུན་ལས་བཀྲ་ཤིས་སྒོ་མང་བཞེངས་ནས་རབ་གནས་མཛད། གླིང་འདིར་དགེ་འདུན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་གཏམས་ཏེ་ཕལ་ཆེར་སྨྲ་བཅད་འདག་སྦྱར་གྱི་བརྟུལ་ཞུགས་ལ་གནས་པ་འབའ་ཞིག་དང་། རྗེ་ཉིད་ཀྱང་དུས་རྟག་ཏུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། ཟབ་ཆོས་གསུང་དགོས་རྣམས་སྦུག་སྒོར་ཞལ་ཡོལ་བཤམས་ཏེ་མཛད་པར་བརྟེན་མཚན་ཡངས་མཚམས་བཅད་པ་རིན་པོ་ཆེ་ཞེས་གྲགས། དེ་ལྟར་ལོ་གསུམ་གྱི་བར་དུ་ཚོགས་པ་བསྐྱངས་ཏེ། དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་བྱི(༡༢༨༨)ལོར་མྱ་ངན་ལས་འདས་སོ། །
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་གདན་རབས་དྲུག་པ་འདི་ཉིད་རབ་བྱུང་བཞི་པའི་ལྕགས་བྱི་སྤྱི་ལོ (༡༢༤༠) ལོར་ཡབ་རྡོ་རྗེ་སེང་གེའི་སྲས་སུ་ཡུལ་འདན་སྟོད་ཀྱི་གྲོང་ཁྱེར་ཙོང་ངུ་ན་སྐུ་བལྟམས། སྐུ་སྐྱེད་བསྲིངས་པ་ན་ཡི་གེ་སློབ་པའི་གྲྭར་བཞུགས། རིང་པོར་མ་ཐོགས་པར་ཡིག་རིགས་མི་གཅིག་པ་ཇི་སྙེད་ལ་འབྲི་ཀློག་མཁས་པར་གྱུར། དགུང་ལོ་བཅུ་གསུམ་པ་ལ་གཅེན་ཆོས་རྗེ་ཐོག་ཁ་བ་རིན་པོ་ཆེའི་སྤྱན་སྔར་རབ་ཏུ་བྱུང་། མཚན་གྲགས་པ་བསོད་ནམས་ཞེས་གསོལ། རབ་བྱུང་ལྔ་པའི་ཤིང་བྱ (༡༢༨༥) ལོར་འབྲི་གུང་གི་གདན་ཁྲིར་ཕེབས། དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་བྱི (༡༢༨༨) ལོར་མྱ་ངན་ལས་འདས་སོ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ 1240 [1400]ལོར་འདན་སྟོད་གྲོང་ཁྱེར་ཙོང་ངུར་ཡབ་རྡོ་རྗེ་སེང་གེའི་སྲས་སུ་སྐུ་འཁྲུངས། གདུང་རུས་ཀྱུ་ར་ཡིན། རབ་བྱུང་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1288 ལོར་འབྲི་གུང་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་གཅེན་པོ་ཐོག་ཁ་བ་རིན་ཆེན་སེང་གེ་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་གྲགས་པ་བསོད་ནམས་ཞེས་གསོལ། དེ་ནས་བཀའ་བརྒྱུད་གོང་མའི་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་དགུང་ལོ་བཅུ་བདུན་པར་སྐུ་མཚམས་བཞུགས། དགུང་ལོ་ཉི་ཤུ་ཐམ་པར་གཅེན་རིན་པོ་ཆེ་ལས་བསྙེན་རྫོགས་མཛད་ཅིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། སླར་ཡང་ལོ་བཅུ་གསུམ་གྱི་རིང་དུ་སྐུ་མཚམས་བཞུགས་ཏེ་གྲུབ་པའི་རྟོགས་པ་མངོན་དུ་གྱུར། དགུང་ལོ་ཞེ་བདུན་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་དུ་ཆོས་སྲིད་གཉིས་ཀྱི་སྒོ་ནས་གདན་ས་བསྐྱངས་ཏེ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་སྒྲུབ་པའི་བསྟན་པ་དར་བ་མཛད། དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་དྲུག་པ་ཡིན་ནོ། །
- language:
- Tibetan