Skip to main content Skip to search
mtshungs med rdo rje rgyal mtshan
ID:
T241288
  • མཚུངས་མེད་རྡོ་རྗེ་རྒྱལ་མཚན (Tibetan, Tibetan script, Original)
    • > mtshungs med rdo rje rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsungmé dorjé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་རབ་བྱུང་བདུན་པའི་ཤིང་འབྲུག(༡༤༢༤)ལོར་ཆག་སྐྱར་སྐྱའི་ཕུའི་འབྲོག་གསེབ་ཏུ་སྐུ་བལྟམས། སྐུ་ཆུང་ངུ་ནས་མངའ་རིས་གུང་ཐང་དུ་སྤྱན་དྲངས། དགུང་ལོ་བརྒྱད་པ་ལ་གླང་འཁོར་བ་མཉྫུ་ཤྲྰི་ལས་རབ་ཏུ་བྱུང། དགུང་ལོ་དགུ་པ་ལ་ཤ་ར་བའི་དངོས་སློབ་ཀུན་སྨོན་མཛེས་པའི་དཔལ་གྱིས་བཏབ་པའི་མུས་སྲད་གདན་སར་ཞབས་སོར་འཁོད། ལོ་གསུམ་རིང་ཆོས་རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་གསན། དགུང་ལོ་བཅུ་གཅིག་པར་གུང་ཐང་ཆོས་གྲགས་དང་བླ་ཆེན་ཆོས་དཔལ་བཟང་པོར་བསྟེན་ནས་རྒྱུད་གསུམ་གྱི་གསན་སྦྱོང་སོགས་དཔལ་ལྡན་ས་སྐྱའི་གསུང་རབ་གསན་སྦྱོང་མཛད། དགུང་ལོ་བཅོ་བརྒྱད་པར་ངམ་རིངས་ཆོས་གྲྭར་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ལས་ལོ་ནག་དྲིལ་གསུམ། འཇིགས་བྱེད་རྭ་ལུགས། ཕག་མོ་སྐོར་གསུམ། ཆོས་སྐྱོང་གི་མན་ངག་སོགས་དང། བདག་ཆེན་དཔལ་ཆོས་དྲུང་དུ་རྒྱུད་གསུམ་ལས་བྱུང་བའི་དབང་བཀའ་བཅུ་བདུན་སོགས་དང། བདེ་མཆོག་དང་ཀྱཻ་རྡོར་གྱི་བཀའ་དུ་མ་གསན། དགུང་ལོ་བཅུ་དགུ་པ་ལ་སེམས་པ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པས་མཁན་པོ་དང། ནམ་མཁའ་ལྷུན་བཟང་པས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པ་ལ་གུང་ཐང་རྒྱལ་མཚན་དཀོན་མཆོག་གི་དྲུང་དུ་གསུང་ངག་ལམ་སྐོར་དང་བཅས་པ་དང། གསང་འདུས་མི་བསྐྱོད་ལུགས་ཀྱི་དབང་བཀའ་འགོས་ལུགས། བཤད་བཀའ་བོ་དོང་ལུགས། ནག་ཁྲིད་དམར་ཁྲིད་སོགས་མནོས། དེ་ནས་གུང་ཐང་དང་མུས་སྲད་ཀྱི་བསྟན་འཛིན་གླིང་དུ་ཤཱཀྱ་བྷ་དྲ་སོགས་ལས་ས་སྐྱ་པའི་དབང་བཤད་མན་ངག་དང། གུར་སཾ་སྦྱོང་རྒྱུད་སོགས་ཀྱི་དབང་བཤད་མན་ངག་མང་དུ་གསན། བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་བདེ་ཆེན་རྣམ་རྒྱལ་གྲགས་བཟང་ལས་དུས་འཁོར་དབང་སོགས་གསན། དགུང་ལོ་ཞེ་དགུ་པ་ལ་དཔལ་ལྡན་ས་སྐྱར་ཕེབས་ནས་ཞི་ཁྲོ་སོགས་རྙིང་མའི་ཆོས་འཁོར་མང་དུ་བསྐོར། དགུང་ལོ་ལྔ་བཅུ་པར་གྲང་མོ་ཆེ་བའི་བརྒྱ་དཔོན་ཆོས་རྗེ་ཀུན་བསམ་པས་བླ་བྲང་ཆེན་མོར་གདན་དྲངས་ནས་ཞི་བར་གཤེགས་ཀྱི་བར་གནས་དེ་ཉིད་དུ་ཟབ་དོན་ཉམས་བཞེས་དང་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། རྩོམ་པའི་མཛད་པ་ལ། 《གསལ་བྱེད་རྣམ་བཞི》དང། 《བླ་མ་འཕགས་པ》 《བླ་མ་དམ་པ》 《ཕྱག་ལེན》 《བཀའ་སྒྲུབ》 《འཁྲུལ་སེལ་རྣམ་བཞི》 《ཆུ་རྒྱུན་རྣམ་བཞི》སོགས་མང་དུ་མཛད། བསྟན་འཛིན་ཐུགས་སྲས་བྱོན་ཚུལ་ལ། ཆོས་རྗེ་བློ་གྲོས་རྒྱལ་མཚན། དཀའ་བཅུ་པ་དཀོན་མཆོག་བཟང་པོ། ཆེན་པོ་རིན་ཆེན་རྒྱལ་མཚན། བྱང་པ་བདག་ཆེན་བསོད་ནམས་རྒྱལ་མཚན། མི་ཉག་ཆོས་གྲགས། བོ་དོང་བཀའ་བཅུ་པ་ཆོས་རིན། ཤངས་པ་ཀུན་དགའ་དཔལ་ལྡན། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། འཛིམ་པ་ཀུན་དགའ་སྙིང་པོ། མུས་ཆེན་རྣམ་རྒྱལ་བཟང་པོ་སོགས་མང་དུ་བྱོན། དེ་ལྟར་རང་གཞན་གྱི་དོན་མཐར་ཕྱིན་ཏེ་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་རྟ(༡༤༩༨)ལོར་ཞི་བར་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བདུན་པའི་ཤིང་འབྲུག (༡༤༢༤) ལོར་ཆག་སྐྱར་སྐྱའི་ཕུའི་འབྲོག་གསེབ་ཏུ་སྐུ་བལྟམས། སྐུ་ཆུང་ངུ་ནས་མངའ་རིས་གུང་ཐང་སྤྱན་དྲངས། དགུང་ལོ་བརྒྱད་པ་ལ་གླང་འཁོར་བ་མཉྫུ་ཤྲཱི་ལས་རབ་ཏུ་བྱུང་། དགུང་ལོ་དགུ་པ་ལ་ཤ་ར་བའི་དངོས་སློབ་ཀུན་སྨོན་མཛེས་པའི་དཔལ་གྱིས་བཏབ་པའི་མུས་སྲད་གདན་སར་ཞབས་སོར་འཁོད། ལོ་གསུམ་རིང་ཆོས་རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་གསན། དགུང་ལོ་བཅུ་གཅིག་པར་གུང་ཐང་ཆོས་གྲགས་དང་བླ་ཆེན་ཆོས་དཔལ་བཟང་པོར་བསྟེན་ནས་རྒྱུད་གསུམ་གྱི་གསན་སྦྱོང་སོགས་དཔལ་ལྡན་ས་སྐྱའི་གསུང་རབ་གསན་སྦྱོང་མཛད། རྩོམ་པའི་མཛད་པ་ལ། གསལ་བྱེད་རྣམ་བཞི་》དང་། བླ་མ་འཕགས་པ》 བླ་མ་དམ་པ》 ཕྱག་ལེན》 བཀའ་སྒྲུབ》 འཁྲུལ་སེལ་རྣམ་བཞི》 ཆུ་རྒྱུན་རྣམ་བཞི》སོགས་མང་དུ་མཛད། བསྟན་འཛིན་ཐུགས་སྲས་བྱོན་ཚུལ་ལ། ཆོས་རྗེ་བློ་གྲོས་རྒྱལ་མཚན། དཀའ་བཅུ་པ་དཀོན་མཆོག་བཟང་པོ། ཆེན་པོ་རིན་ཆེན་རྒྱལ་མཚན། བྱང་པ་བདག་ཆེན་བསོད་ནམས་རྒྱལ་མཚན། མི་ཉག་ཆོས་གྲགས། བོ་དོང་བཀའ་བཅུ་པ་ཆོས་རིན། ཤངས་པ་ཀུན་དགའ་དཔལ་ལྡན། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། འཛིམ་པ་ཀུན་དགའ་སྙིང་པོ། མུས་ཆེན་རྣམ་རྒྱལ་བཟང་པོ་མང་དུ་བྱོན། དེ་ལྟར་རང་གཞན་གྱི་དོན་མཐར་ཕྱིན་ཏེ་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་རྟ (༡༤༩༨) ལོར་ཞི་བར་གཤེགས་སོ། །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1424 ལོར་ཆག་སྐྱར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1498 ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་གླང་འཁོར་བ་འཇམ་དཔལ་ལས་རབ་བྱུང་བསྒྲུབས་ཤིང་དགུང་ལོ་དགུ་པར་མུས་སྲད་ཀྱི་གདན་སའི་ཁྲི་ལ་ཞབས་པད་བསྟེན་ཏེ་ལོ་གསུམ་གྱི་བར་དུ་ཆོས་རྗེ་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་སོགས་གསན། དགུང་ལོ་བཅུ་གཅིག་པར་བླ་ཆེན་ཆོས་དཔལ་བཟང་པོ་ལས་ལོ་དྲུག་གི་བར་དུ་རྒྱུད་གསུམ་གྱི་གསན་སྦྱོང་དང་ས་སྐྱའི་གསུང་རབ་སོགས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅོ་བརྒྱད་པར་ངམ་རིང་དུ་ཕེབས་ཏེ་རྡོ་རྗེ་འཆང་ཨཱ་ནན་ཏ་མ་ཏི་ལས་ལོ་ནག་དྲིལ་གསུམ་དང་། [1404] འཇིགས་བྱེད་རྭ་ལུགས། ཕག་མོ་སྐོར་གསུམ། དབང་བཀའ་བཅུ་བདུན་སོགས་གསན། དགུང་ལོ་བཅུ་དགུ་པར་གཞོན་ནུ་རྒྱལ་མཆོག་དང་ནམ་མཁའ་ལྷུན་གྲུབ་བཟང་པོ་སོགས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་ཞུས། དགུང་ལོ་ཉེར་གཅིག་པར་གུང་ཐང་དུ་ཕེབས་ནས་རྒྱལ་མཚན་དཀོན་མཆོག་ལས་གསུང་ངག་ལམ་སྐོར་དང་། གསང་འདུས་མི་བསྐྱོད་ལུགས་ཀྱི་དབང་བཀའ་འགོས་ལུགས། བཤད་བཀའ་པོ་དོང་ལུགས་ནག་ཁྲིད་དམར་ཁྲིད་བཅས་གསན་པར་མཛད། དགུང་ལོ་བཞི་བཅུ་པར་ཤཱཀྱ་བྷ་དྲ་ལས་དཔལ་ལྡན་ས་སྐྱ་པའི་དབང་བཤད་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཞེ་ལྔ་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་བདེ་ཆེན་རྣམ་རྒྱལ་གྲགས་བཟང་ལས་དུས་འཁོར་གྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས། དགུང་ལོ་ཞེ་དགུ་པར་ས་སྐྱར་ཕེབས་ནས་སྨན་གྲོང་དང་། ཉི་ཐོག ཞེ་དགོན་སོགས་སུ་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དོན་ལྔ་པར་ས་སྐྱའི་གྲང་མོ་ཆེར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འཇམ་དབྱངས་བསོད་ནམས་རྒྱལ་མཚན་དང་། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྟོགས་ལྡན་བློ་གྲོས་བཟང་པོ། དཀའ་བཅུ་དཀོན་མཆོག་བཟང་པོ། ཆེན་པོ་རིན་ཆེན་རྒྱལ་མཚན། དབོན་པོ་ནམ་མཁའ་རིན་ཆེན། བྱང་པ་བསོད་ནམས་རྒྱལ་མཚན། འཛིམ་པ་བསོད་ནམས་རྒྱལ་མཚན། ཤངས་པ་ཀུན་དགའ་དཔལ་ལྡན། རྒྱ་གར་ཤེས་རབ་རྒྱལ་མཚན། [1405] བདག་པོ་བསོད་ནམས་རྒྱལ་མཚན། འཛིམ་པ་ཀུན་དགའ་སྙིང་པོ། མུས་ཆེན་རྣམ་རྒྱལ་བཟང་པོ་བཅས་སོ། ཁོང་གི་གསུང་རྩོམ་ནི《རྒྱུད་ཀྱི་མན་ངག་ལག་ལེན》དང་། 《སྤྱི་འགྲོ་གསལ་བྱེད་རྣམ་བཞི》། 《བླ་མ་འཕགས་པ》། 《བླ་མ་དམ་པ》། 《ཕྱག་ལེན》། 《བཀའ་སྒྲུབ》སྟེ་སྒྲུབ་པ་རྣམ་བཞི། 《བིར་སྲུངས་འཁྲུལ་སེལ》སོགས་འཁྲུལ་སེལ་རྣམ་བཞི། 《ཆུ་རྒྱུན་རྣམ་བཞི》 སོགས་མང་དུ་བཞུགས་སོ། །

language:
Tibetan