- wun khren kong jo
- ID:
- T241673
- ཝུན་ཁྲེན་ཀོང་ཇོ (Tibetan, Tibetan script, Original)
- > wun khren kong jo (Tibetan, Latin script, Transliteration-THL Extended Wylie Transliteration)
- > wün tren kongjo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(文成公主)བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ། རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་ནི་གོང་མའི་སྲས་མོ་ཡིན་པ་དང་། རིག་གནས་དང་། སྐར་རྩིས། ས་དཔྱད་བཅས་ལ་མཁས་པ་ཞིག་ཡིན་སྟབས་རྒྱལ་ནང་དང་རྒྱལ་ཕྱིར་སྙན་གྲགས་ལྡན་པ་ཞིག་ཡིན་པས་ཚང་མས་ཁོང་སློང་བར་ཡོང་ཞིང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་རྒྱ་བཟའ་ཀོང་ཇོ་བཙུན་མོར་གདན་དྲངས་ན་རྒྱ་མི་རིགས་ཀྱི་རིག་གནས་དང་། ལག་རྩལ། ཆོས་ལུགས་སོགས་བོད་ས་གནས་སུ་དར་སྤེལ་བྱུང་ནས། བོད་མི་རིགས་རང་ཉིད་ཀྱི་རིག་གཞུང་དང་། ཆབ་སྲིད། དཔལ་འབྱོར་བཅས་སྔར་ལས་ལྷག་པར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་བསམས་ནས་ཀྲེན་ཀོན(贞观)ཁྲི་ལོ་བཅུ་པ་མེ་སྤྲེལ(༦༣༦)ལོར་བློན་པོ་མགར་བ་སྟོང་བཙན་དང་། ཐོན་མི་སམ་བྷོ་ཊ། འབྲི་སེ་རུ་གུང་སྟོན་སོགས་ཀྱི་མདུན་གསེར་དངུལ་སོགས་དངོས་པོ་མང་པོའི་རྟེན་དང་བཅས་བསྐུར་ནས་གོང་མ་ཐང་ཐའི་ཙུང་གི་སར་མངགས་ཏེ། རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བར་བཏང་ཡང་ཐོག་མར་ཁས་མ་བླངས་སྟབས་སྲོང་བཙན་སྒམ་པོས་དམག་བཏང་ནས་ལོ་ཤས་རིང་དམག་འཁྲུག་བྱས་མཐར་སླར་ཡང་བློན་པོ་མགར་བ་སྟོང་བཙན་མདུན་གསེར་སྲང་ལྔ་སྟོང་དང་། རིན་པོ་ཆེའི་རྒྱན་དང་། ཁྲབ་སོགས་བསྐུར་ནས་བཟོད་གསོལ་བྱས་ཐོག རྒྱ་བཟའ་ཀོང་ཇོ་བཙུན་མོར་སློང་བས་སྟེར་བར་ཁས་བླངས་ཏེ། ཀྲེན་ཀོན་ཁྲི་ལོ་བཅོ་ལྔ་པ་ལྕགས་གླང(༦༤༡)ལོར་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་གནང་། ཀོང་ཇོ་བོད་དུ་སྐྱེལ་བར་གོང་མ་རང་གི་སྐུ་མཆེད་རྒྱལ་རྒྱུད་ཅང་ཧྲ་ཝང་ལི་ཏའོ་ཙུང(江夏王李道宗)མངགས། ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དང་། ལོ་རྒྱུས། རྩིས་རིག སྨན་གཞུང་། དེབ་བཞི(四书) གཞུང་ལྔ(五经)སོགས་དཔེ་དེབ་མང་པོ། དར་གོས་ཁྲི་ཕྲག་མང་པོ། བཟོ་རིགས་ཀྱི་ལག་རྩལ་མི་སྣ། རོལ་མོ་བ་སོགས་མང་པོ་རྒྱ་བཟའི་རྫོངས་སུ་བསྐུར། རྒྱ་བཟའ་བསུ་བར་སྲོང་བཙན་སྒམ་པོ་རང་ཉིད་མཚོ་སྔོན་གྱི་པོ་ཧེའི(柏海)ཟེར་བའི་ས་ཆ་བར་དུ་ཕེབས། ལྷ་སར་འབྱོར་བའི་ཉིན་མི་རྒྱལ་བློན་འབངས་དང་བཅས་པས་དགས་བསུའི་རྟེན་འབྲེལ་རྒྱ་ཆེན་པོ་ཞུས། དེ་ནས་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས་རྒྱ་བཟས་ས་དཔྱད་ལྟ་བ་དང་། བཟོ་པ་ལག་རྩལ་མཁས་པ་ཁག་གཅིག་རོགས་རམ་ལ་བཏང་ནས་རྒྱ་བལ་གྱི་བཙུན་མོ་གཉིས་ཕན་ཚུན་རོགས་རམ་གྱི་མིག་དཔེ་བཟང་པོ་གཏོད། རྒྱ་བཟའ་རང་ཉིད་ཀྱིས་ལྷ་སའི་བྱང་ཕྱོགས་སུ་ར་མོ་ཆེའི་གཙུག་ལག་ཁང་སྒོ་རྒྱ་ནག་ཏུ་བསྟན་ནས་བཞེངས། དེར་བརྟེན་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་མི་མཐུན་གང་ལྟར་ཡང་བོད་ཀྱི་དམངས་ཁྲོད་དུ་གཏོང་རྒྱུན་ཡོད་པའི་གཞས་ཚིག་གི་ནང་རྒྱ་བཟའ་ཀོང་ཇོ་ལ་བསྟོད་བསྔགས་བྱེད་པའི་ནང་དོན་མང་པོ་ཡོད་པ་དང་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་རྒྱ་མི་རིགས་ལ་ཞང་པོ་དང་། བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ལ་དབོན་ཞེས་པའི་ཐ་སྙད་དེ་ནས་བྱུང་ཞིང་རྒྱ་བོད་ཀྱི་ས་མཚམས་སུ་དམག་འཁྲུག་ཐེངས་མང་པོ་བྱུང་མྱོང་ཡང་། རྩ་བའི་མཐུན་སྒྲིལ་ལ་གནོད་སྐྱོན་གང་ཡང་མ་བྱུང་བའི་ལོ་རྒྱུས་གཟི་བརྗིད་ལྡན་པའི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་བ་ཡིན། བོད་ཀྱི་ལོ་རྒྱུས་མང་པོ་ཞིག་གི་ནང་། རྒྱ་བཟའ་དང་བལ་བཟའ་བཅས་གསུམ་པོ་དུས་གཅིག་ཏུ་གཤེགས་པར་བཤད་ཀྱང་། ཐང་རྒྱལ་རབས་ཀྱི་དེབ་ཐེར་བོད་ཀྱི་སྐོར་བཤད་པའི་གསར་རྙིང་གཉིས་ཀའི་ནང་། གོང་མ་ཐང་ཀའོ་ཙུང་གི་ཡུན་ལུང(永隆)ཁྲི་ལོ་དང་པོར་ཝུན་ཁྲེན་ཀོང་ཇོ་གཤེགས་པས་ཕོ་ཉ་བ་མངགས་ཏེ་གཏམ་དེ་ཞུས་པ་དང་། གོང་མས་ཀྱང་འདས་མཆོད་གཏོང་བའི་ཕོ་ཉ་མངགས་པར་བཤད་པ་ལྟར་ན་ཐང་ཀའོ་ཙུང་གི་ཡུན་ཧོའི(永徽)ཁྲི་ལོ་དང་པོ་ལྕགས་ཁྱི(༦༥༠)ལོར་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་པ་ནས་རྒྱ་བཟའ་ཝེན་ཁྲེན་ཀོང་ཇོ་གཤེགས་པའི་བར་ལོ་ངོ་སུམ་ཅུ་སོ་གཅིག་ཙམ་སོང་བར་སྣང་ལ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་ནང་བཙན་པོ་ཁྲི་འདུས་སྲོང་གིས་སྲིད་དབང་བཟུང་ནས་ལོ་ལྔ་སོང་བའི་ལུག་གི་ལོ(༦༨༣)ལ་བཙན་མོ་མུན་ཆང་ཀོང་ཇོའི་མདང་བཏང་ཞེས་གསལ་བ་དང་བསྡུར་ན་གོང་གི་བཤད་ཚུལ་དེ་དང་འདིའི་བར་ལ་ལོ་གསུམ་བར་ཁྱད་ཡོད་པས། རྒྱ་བཟའ་ཀོང་ཇོ་གཤེགས་རྗེས་གོང་མའི་སར་འཕྲལ་དུ་ཕོ་ཉ་མངགས་ནས་གནས་ཚུལ་ཞུས་ཀྱང་། བོད་ས་གནས་རང་དུ་ལོ་གསུམ་རིང་གསང་བ་བྱས་རྗེས་གཞི་ནས་དངོས་སུ་འདས་མཆོད་བཏང་བ་འདྲ།
- language:
- Tibetan