- zhu chen tshul khrims rin chen
- ID:
- T241853
- ཞུ་ཆེན་ཚུལ་ཁྲིམས་རིན་ཆེན (Tibetan, Tibetan script, Original)
- > zhu chen tshul khrims rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > shyuchen tsultrim rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཁམས་སྡེ་དགེའི་མངའ་ཁོངས་ལྡན་ཁོག་གསེར་ལྡན་ས་དཀར་གྱི་ཡུལ་དུ་ཡབ་ཀུན་དགའ་འཕེལ་ལམ་མིང་གཞན་ལྷ་ངག་དབང་ཆོས་འཕེལ་དང་ཡུམ་བུ་ཆོག་ཅེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང་ (༡༦༩༧) ལོར་འཁྲུངས། དགུང་ལོ་བདུན་པར་ཁུ་བོའི་མདུན་ནས་ཀ་མད་མདོགས་འབྲེལ་བཅས་སྦྱངས། དེ་ནས་ས་དགོན་དུ་གྲྭ་བཙུན་མཛད། ཁྲོ་བོ་ལྷ་མགོན་ཞེས་པ་ནས་སྦྱོར་ཀློག་ལེགས་པར་སྦྱངས། དགུང་ལོ་བཅུ་གཅིག་པར་དྲུང་པ་ཀུན་དགའ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་བསོད་ནམས་ཞེས་བཏགས། ཚེ་བྷྲུཾ་དགོན་དུ་ཀརྨ་མཐུ་སྟོབས་ཀྱི་དྲུང་ནས་སྒྲ་སྙན་ངག་དང་། དགེ་བཤེས་སངས་རྒྱས་ཆོས་འཕེལ་ལས་རྩིས། རབ་འབྱམས་པ་བསོད་ནམས་བསྟན་པ་ལས་ཚད་མ་བཅས་ཐུན་མོང་གི་རིག་གནས་ཀུན་ལེགས་པར་སྦྱངས། དགུང་ལོ་ཉེར་དགུ་པ་ཤིང་སྦྲུལ (༡༩༢༥) ལོར་གཙང་ས་ངོར་གྱི་གདན་སར་ཕེབས། ངོར་བླ་བྲང་མཁན་པོ་ཚུལ་ཁྲིམས་ལྷུན་གྲུབ་ཀྱིས་ཚུལ་ཁྲིམས་རིན་ཆེན་ཞེས་པའི་མཚན་གསོལ། དེ་ནས་མི་རིང་བར་ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད་ནས་དགོན་དེར་ལོ་བཞི་ལྷག་ཙམ་བཞུགས། དགུང་ལོ་སོ་བཞི་པ་ལྕགས་ཁྱི (༡༧༣༠) ལོར་མཁན་པོ་བཀྲ་ཤིས་ལྷུན་གྲུབ་དང་མཉམ་དུ་སྡེ་དགེའི་པར་ཁང་ཆེན་མོའི་ཞུ་དག་མཁན་པོར་བསྐོས། དེ་ནས་བཟུང་ས་ཕྱོགས་ཀྱི་དཔེ་ཆ་ཚང་མ་ལེགས་སྒྲིག་དང་བསྟན་འགྱུར་ལ་ཞུ་དག་གང་ལེགས་མཛད། བར་ཁོམ་རྣམས་སུ་འཆད་ཉན་ཉམས་ལེན་དང་ལྷ་རིས་སོགས་ཀྱི་བྱ་བས་དུས་འདའ་བར་མཛད་དེ། དགུང་ལོ་དོན་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ (༡༧༧༤) ལོར་སྐུ་གཤེགས། རྗེ་འདིའི་མཚན་གྱི་རྣམ་གྲངས་ལ། ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དང་། ཀུན་དགའ་བསོད་ནམས། ཞུ་ཆེན་ལོ་ཙཱ་བ། ཞུ་ཆེན་མཁན་པོ། ཚུལ་ཁྲིམས་རིན་ཆེན་སོགས་དུ་མ་ཡོད།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1697 ལོར་ཁམས་སྡེ་དགེའི་མངའ་ཁོངས་ལྡན་ཁོག་གསེར་ལྡན་ས་དཀར་གྱི་ཡུལ་དུ་ཡབ་ཀུན་དགའ་འཕེལ་ལམ་མིང་གཞན་ལྷ་བཟོ་ངག་དབང་ཆོས་འཕེལ་དང་། ཡུམ་བུ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1774 ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཁུ་བོའི་མདུན་ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས་ནས་ས་དགོན་དུ་གྲྭ་བཙུན་མཛད། དགུང་ལོ་བཅུ་གཅིག་པར་དྲུང་པ་ཀུན་དགའ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་བཞེས། ཚེ་བྷྲཱུཾ་དགོན་ནས་སྒྲ་དང་སྙན་ངག དཀར་རྩིས་ནག་རྩིས། ཚད་མ་ཐུན་མོང་གི་རིག་གནས་ཀུན་ལ་ལེགས་པར་སྦྱངས་ཏེ། དགུང་ལོ་ཉེར་དགུ་བར་གཙང་ས་ངོར་གྱི་གདན་ས་ཕེབས། དེ་ནས་མི་རིང་བར་ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད་ནས་དགོན་དེར་[1481]ལོ་བཞི་ལྷག་ཙམ་བཞུགས། དགུང་ལོ་སོ་བཞི་བར་ས་སྐྱ་དགོན་པས་སྡེ་དགེ་དགོན་ཆེན་དུ་བླ་བསྐོས་སུ་མངགས་པའི་མཁན་པོ་བཀྲ་ཤིས་ལྷུན་གྲུབ་དང་མཉམ་དུ་ཕྱིར་སྡེ་དགེར་ཕེབས། སྡེ་དགེའི་རྒྱལ་པོ་མི་ཐོག་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེའི་པར་ཁང་ཆེན་མོའི་ཞུ་དག་མཁན་པོར་བསྐོས། དེ་ནས་བཟུང་སྟེ་ས་ཕྱོགས་ཀུན་གྱི་དཔེ་ཆ་ཚང་མ་བསྡུ་རུབ་མཛད་དེ། སྐུ་ཚེ་གང་བོར་ལེགས་སྒྲིག་དང་བསྟན་འགྱུར་ཆེན་མོ་ལ་འབྲུ་དག་པ་དང་ཆད་ལྷག་མེད་པ་ཞུ་དག་གང་ལེགས་མཛད་དོ། ཁོང་གི་མཚན་གྱི་རྣམ་གྲངས་ལ། ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་བསོད་ནམས། ཞུ་ཆེན་ལོ་ཙཱ་བ། ཞུ་ཆེན་མཁན་པོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཚུལ་ཁྲིམས་རིན་ཆེན་སོགས་ཡོད། ཁོང་གིས་མཛད་པའི་གསུང་རྩོམ་ནི་བསྟོད་ཚོགས་གསུམ་འཕར་མ་དང་། རྣམ་ཐར་སྐོར། དཀར་ཆག ཆབ་ཤོག་གི་སྡེ་ཚན་སོགས་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པའི་པོ་ཏི་བཅུ་གསུམ་ཡོད་པ་ད་ལྟ་སྡེ་དགེའི་པར་ཁང་ཆེན་མོར་པར་ཤིང་ཆ་ཚང་བཞུགས་ཡོད། །
- language:
- Tibetan