- zab gsang rdzogs pa chen po
- ID:
- T242385
- ཟབ་གསང་རྫོགས་པ་ཆེན་པོ (Tibetan, Tibetan script, Original)
- > zab gsang rdzogs pa chen po (Tibetan, Latin script, Transliteration-THL Extended Wylie Transliteration)
- > zabsang dzogpachenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གསང་ཆེན་རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བའི་སྒོ་ནས་གསུམ(༡.རིང་བརྒྱུད་བཀའ་མ། ༢.ཉེ་བརྒྱུད་གཏེར་མ། ༣.ཟབ་མོ་དག་སྣང་གི་བརྒྱུད་པ)ཡོད་པ་ལས། དང་པོ། རིང་བརྒྱུད་བཀའ་མའི་བྱུང་ཚུལ་ནི། ༡.པཎ་ཆེན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་གཉགས་ཛྙ་ན་ཀུ་མ་ར་གཉིས་ལ《སྒྱུ་འཕྲུལ་གསང་བ་སྙིང་པོའི》སྐོར་བཤད་ཅིང་བསྒྱུར་བས་སློབ་མ་དེ་གཉིས་ལས་ཡང་སློབ་མང་པོ་བྱུང་ནས་གཙང་སྟོད་མང་མགར་དང་། ལ་སྟོད་ལྷོ་བྱང་། འབྲི་ཆུའི་བརྒྱུད་སྤོམ་འབོར་སྒང་གི་ས་ཆ་རྣམས་སུ་དར། ༢.ཡང་སློབ་དྷ་ན་རཀྵི་ཏས་བལ་པོ་དྷརྨ་བྷོ་དྷི་ལ་རྩ་རྒྱུད་དང་། བཤད་རྒྱུད་སོགས་བཤད། བྲུ་ཤའི་ཡུལ་དུ་ཁྲོམ་རུ་ཆེ་བཙན་སྐྱེས་ལ་བཤད་ཅིང་བསྒྱུར། དེ་ནས་རིམ་པས་འཕེལ་བ་ཡིན། ༣.གཉགས་ཛྙ་ཀུ་མུ་རས་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་ལ《རྫོགས་པ་ཆེན་པོ》སེམས་ཕྱོགས་སུ་གྲགས་པ་ཞུས། དེ་ནས་རིམ་པར་འཕེལ་བས《སེམས་ཕྱོགས》ཀྱི་སྐོར་བྱུང་། ཡང་བེེ་རོ་ཙ་ནས་དབང་མི་ཕམ་མགོན་པོ་ལ《དཔལ་ནམ་མཁའ་དང་མཉམ་པའི་རྒྱུད》ལ་སོགས་པའི་རྡོ་རྗེ་ཟབ་པའི་མན་ངག་རྣམས་བཤད་པ་ལས《ཀློང་སྡེའི》སྐོར་བྱུང་། སློབ་དཔོན་བི་མ་ལ་མི་ཏྲ(སྔ་མས)མངའ་བདག་རྒྱལ་པོ་དང་མྱང་ཏིང་ངེ་འཛིན་གཉིས་ལ《རྫོགས་པ་ཆེན་པོའི་སྙིང་ཏིག》གི་སྐོར་བཤད་པ་ལས་རིམ་གྱིས《ཀློང་ཆེན་སྙིང་ཏིག》ཏུ་གྲགས་པ་བྱུང་ཡང་སློབ་དཔོན་དགའ་རབ་རྡོ་རྗེས་རིག་འཛིན་ཤྲི་རི་སིང་ཧ་ལ《མཁའ་འགྲོ་སྙིང་ཏིག》གི་སྐོར་བཤད་པ་ལས་ཀྱང་སྙིང་ཏིག་རིགས་མི་འདྲ་བ་ཞིག་བྱུང་བར་བཤད། གཉིས་པ། ཉེ་བརྒྱུད་གཏེར་མ་ནི། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པའི་ཚད་ལྡན་གྱི་སྐྱེས་བུ་འགའ་ཞིག་གིས་མ་འོངས་པའི་གདུལ་བྱའི་དོན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་མན་ངག་མང་པོ་རི་དང་བྲག་སོགས་ལ་གཏེར་དུ་སྦས། གཏེར་དེ་དུས་ནམ་ཞིག་འདོན་དགོས་པ་དང་། འདོན་རན་པའི་དུས་རྟགས། ལུས་ཀྱི་རྟགས་མཚན་སོགས་གསལ་བར་འཁོད་པའི་གཏེར་གྱི་ཁ་བྱང་བཏབ། རྗེས་སུ་གནས་དུས་གང་ཟག་ཐམས་ཅད་འཛོམས་པ་ན་གཏེར་དེ་བཏོན་ནས་སློབ་མ་མང་པོར་སྤེལ་བ་ལ་གཏེར་ཆོས་ཞེས་གྲགས། སྤྱིར་གཏེར་མ་མང་ཆེ་བ་རྙིང་མའི་ཆོས་ལ་ཡོད་ཅིང་། གྲུབ་མཐའ་གཞན་ལ་ཡང་ཡོད་པ་འདྲ་བས་གཏེར་ཆོས་ཚང་མ་རྙིང་མའི་ཆོས་མིན་ནོ། །གཏེར་སྟོན་པ་པོ་ལ་ཡང་དངོས་དང་རྫུན་མ་མང་པོ་ཞིག་ཡོད་ཀྱང་། སློབ་དཔོན་པདྨའི་ལུང་གིས་དངོས་སུ་ཟིན་པ་དང་མ་ཟིན་པ་བསྡོམས་པས་གཏེར་སྟོན་ཚད་ལྡན་བརྒྱ་ལྷག་ཙམ་བྱུང་སྐོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསུང་འབུམ་[ཉ]པའི་མཇུག་ཏུ《བྱང་བདག་རིག་འཛིན་ངག་གི་དབང་ པོའི་རྣམ་ཐར》ལས་གཏེར་སྟོན་བརྒྱ་དང་བཅུ་བདུན་གྱི་མཚན་གསལ་ཞིང་། གཏེར་སྟོན་སོ་སོའི་རྣམ་ཐར་ཞིབ་པ《རིན་ཆེན་གཏེར་མཛོད》ཀྱི་པོད་[ཀ]པའི་མགོར་ཡོད། གསུམ་པ། ཟབ་མོ་དག་སྣང་གི་སྐོར། བླ་མ་འགའ་ཞིག་ལ་ཡི་དམ་གྱི་ལྷས་ཞལ་གཟིགས་ནས་དངོས་སུ་གསུངས་པའི་མན་ངག་སྐོར་ལ་ཟེར་ཏེ། འདི་ཡང་ས་དགེ་སོགས་གྲུབ་མཐའ་ཐམས་ཅད་ལ་ཡོད། རྙིང་མའི་ཆོས་བྱུང་ཚུལ་གྱི་སྐོར་ཞིབ་ཆ《དེབ་ཐེར་སྔོན་པོ》ལེ་ཚན་གསུམ་པའི་ནང་དང་། དེ་ལས་བསྡུས་པ་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ[ཁ]པ《གྲུབ་མཐའ་ཤེལ་དཀར་མེ་ལོང》གི་ལེ་ཚན་གཉིས་པའི་ཤོག་གྲངས་ ༦ནས་མཇུག་མ་རྫོགས་བར་དང་། འཇམ་དབྱངས་མཁྱེན་བརྩེ་དང་འཇིགས་མེད་གླིང་པས་མཛད་པའི《རྙིང་མ་རྒྱུད་འབུམ་གྱི་དཀར་ཆག》བཅས་སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
གསང་ཆེན་རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བའི་སྒོ་ནས་གསུམ (༡ རིང་བརྒྱུད་བཀའ་མ། ༢ ཉེ་བརྒྱུད་གཏེར་མ། ༣ ཟབ་མོ་དག་སྣང་གི་བརྒྱུད་པ) ཡོད་དོ། །
- language:
- Tibetan