Skip to main content Skip to search
'on rgyal sras skal bzang thub bstan 'jigs med rgya mtsho
ID:
T242865
  • འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ (Tibetan, Tibetan script, Original)
    • > 'on rgyal sras skal bzang thub bstan 'jigs med rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ön gyalsé kalzang tubten jikme gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ནི་དབུས་སྟོད་ལ་མོར་ཡབ་ཆོས་རྗེ་བསོད་ནམས་དབང་འདུས་དང་ཡུམ་ཉི་མ་བདེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ (༡༧༤༣) ལོར་སྐུ་འཁྲུངས། དགུང་ལོ་བཞི་ལ་འོན་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། དགུང་ལོ་ལྔ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ། མཚན་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་གནང་། དགེ་སློང་རྒྱ་ཚོ་རྡོ་རྗེ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་གསན་སྦྱོང་མཛད། དགུང་ལོ་བཅུ་ལ་རྒྱལ་བ་རིན་པོ་ཆེའི་དྲུང་དུ་རབ་བྱུང་བསྒྲུབས། དགོན་ལུང་བཀའ་བཅུ་གྲགས་པ་ཡར་འཕེལ་བསྟེན་ནས་བསྡུས་གྲྭ་བློ་རྟགས་བཅས་གཞུང་ཆེན་ལ་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སྐུ་གཤེགས། དགུང་ལོ་ཉི་ཤུ་ལ་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དེའི་ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་གསེར་ཁྲི་ལ་མངའ་གསོལ་གྱི་མཛད་སྒོར་ཕེབས། དགུང་ལོ་ཉེར་བཞི་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྒོར་དམ་བཅའ་མཛད། དགུང་ལོ་ཉེར་ལྔ་ལ་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་མཇལ་བར་ཕེབས། རྗེ་འདིས་ཕུར་ལྕོག་ངག་དབང་བྱམས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉེར་དྲུག་ནས་མི་ལོ་ང་གསུམ་ཙམ་རིང་འོན་ཕུར་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། གསུང་རྩོམ་ཡང་། ཡི་དམ་ལྷ་ཚོགས་ཀྱི་སྒྲུབ་ཐབས་རྗེས་གནང་ཚེ་སྒྲུབ་རབ་གནས་སྦྱིན་སྲེག་ཡུལ་ཁྲུས་བསངས་མཆོད་སོགས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་དང་། སྡེབ་སྦྱོར་དང་དཎྜིའི་གཞུང་ལས་ལེའུ་གཉིས་པའི་དཔེར་བརྗོད་ཀུན་འཁོར་སྨན་བཤད་དབྱངས་འཆར་ལུང་གསལ་བའི་སྒྲོན་མེ། མི་ཏྲ་བརྒྱ་རྩའི་དཀྱིལ་འཁོར་གྱི་མངོན་རྟོགས་བློ་གསལ་མགུལ་རྒྱན། འཕགས་པ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དཀྱིལ་འཁོར་གྱི་ས་ཆོག་གི་ངག་འདོན་བདེ་ལེགས་ཀུན་འབྱུང་གི་དགོངས་པ་རབ་གསལ་སོགས་པོད་འབྲིང་གསུམ་ཙམ་མཛད། མཐར་དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པ་ལྕགས་ལུག (༡༨༡༡) ལོར་གཤེགས།

language:
Tibetan