Skip to main content Skip to search
yongs grub tshe yi nad
ID:
T243419
  • ཡོངས་གྲུབ་ཚེ་ཡི་ནད (Tibetan, Tibetan script, Original)
    • > yongs grub tshe yi nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yongdrub tsé yi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྨན་དཔྱད་ཁོ་ན་ལ་བསྟེན་ནས་བཅོས་དགོས་པའི་ལུས་ཀྱི་འབྱུང་ཁམས་འཕེལ་ཟད་འཁྲུགས་པ་ལས་བྱུང་བའི་ནད་ཀྱི་མིང་སྟེ། ཕྱི་མ་འཕྲིན་ལས་རྒྱུད་ལས། བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེ་ཡི་ནད། མ་བཅོས་འཆི་ལ་བཅོས་ན་འཚོ་བ་ཡོད། དེ་ཡང་དང་པོ་བར་དང་ཐ་མ་གསུམ། ཚ་བའི་མངོན་ཚུབས་ལམ་ནས་མི་ཟློག་པ། གཉེན་པོ་གྲོགས་ཀྱིས་ལེན་དུ་མི་སྟེར་ཕྱིར། སྟོབས་ཆུང་གྲོགས་མེད་གསར་དུས་མི་ཟློག་མེད། བར་དུ་ནད་རྒྱས་གཉེན་པོས་ཆོམས་པ་དཀའ། དཔེར་ན་ཤྭ་ཡི་གདོང་དུ་རགས་བརྩེགས་པ། ཞར་ལ་ཁྱེར་ཡང་ཞར་ལ་བསྣན་པ་ཡིས། ཆུ་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང་། དེ་བཞིན་ནད་རྒྱས་གཉེན་པོ་འཐབས་པ་ཡིས། མི་ཆོམས་འདྲ་ཡང་བསྟུན་ན་ནུས་པ་ཐོན། གྲང་རྒྱས་ལྕི་བ་གཉེན་པོས་ཆོམས་དཀའ་སྟེ། གོ་མཚོན་བཅས་པའི་ཚོང་པ་དཔུང་བཅས་འདྲ། དེ་ལ་གཉེན་པོ་ཚན་ཆེ་དར་དྲག་དགོས། ཞེས་དང་། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། ཡོངས་གྲུབ་ཚེ་ཡི་ནད་ནི། ནད་ཀྱི་རྒྱུ་ཡོངས་རྫོགས་གྲུབ་པ་ལུས་ཀྱི་ཁམས་ཟུངས་དང་། དྲི་མ། ཉེས་པ་བཅས་འཕེལ་ཟད་འཁྲུགས་པ་ཁོ་ན་ལས་བྱུང་ཞིང་སྨན་དཔྱད་མ་བསྟེན་ན་ཚེ་ཡི་འདུ་བྱེད་ལྟུང་བའི་ནད་ཀྱི་མིང་ངོ་། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ཡོངས་གྲུབ་ཚེ་ནི། རང་ཉིད་འཆི་བར་མ་ངེས་པའི་ལས་དང་འཕྲལ་རྐྱེན་གཉིས་སྟོབས་ཆེ་ཆུང་གང་རུང་ལས་འབྱུང་ཞིང་རང་ཉིད་གསོ་བ་གསོ་དཔྱད་ལ་བལྟོས་དགོས་པའི་ནད། ཅེས་གསུངས་པ་ལྟར་རོ།

language:
Tibetan