Skip to main content Skip to search
yongs 'dzin 'brong rtse blo bzang tshul khrims
ID:
T243429
  • ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས (Tibetan, Tibetan script, Original)
    • > yongs 'dzin 'brong rtse blo bzang tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > yongdzin drong tsé lo zang tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོད་དང་ཡུམ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་གླང(༡༧༤༥)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་འབྲོང་རྩེ་ཆོས་སྡེར་ཆོས་ཞུགས་མཛད། མཁན་པོ་མང་ཐོས་ཚུལ་ལྡན་གྱི་དྲུང་དུ་གཙུག་ཕུད་ཕུལ། མཚན་བློ་བཟང་ཚུལ་ཁྲིམས་ཞེས་གསོལ། དེ་རྗེས་བཀྲ་ཤིས་ལྷུན་པོ་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད། མཁན་ཆེན་བློ་བཟང་བཀྲ་ཤིས་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་ལ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད། དགུང་ལོ་སུམ་བཅུ་ཐམ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེའི་ལོར་རབ་འབྱམས་པའི་མཚན་རྟགས་བཞེས། རྗེ་འདིས་ལོ་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་དང་འཇམ་བཞད་འཇིགས་མེད་དབང་པོ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་ལོ་གསུམ་རིང་བཀྲས་ལྷུན་རྒྱུད་གྲྭར་ཞུགས། རྗེ་ཉིད་བྱ་བྲལ་གྱིས་ལྷོ་ཕྱོགས་འབྲུག་ཡུལ་གྱི་རིའི་གནས་སུ་སྒྲུབ་པ་ལོ་ཤས་མཛད། དབུས་གཙང་ཙ་རི་སོགས་སུ་གནས་སྐོར་ལ་ཕེབས། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ནས་རྒྱུད་པ་གྲྭ་ཚང་གི་སློབ་དཔོན་གནང། དགུང་ལོ་ང་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད། ལོ་གཉིས་སོང་རྗེས་སྐུ་གཟུགས་ཐང་མིན་གྱིས་ཡོངས་འཛིན་དགོངས་ཞུ་གནང་ནས་བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་སྒྲུབ་པར་གཞོལ། བཀའ་རྩོམ་ལ། 《བཤེས་གཉེན་བློ་བཟང་ཚུལ་ཁྲིམས་ཀྱི་རྟོགས་པ་བརྗོད་པ་དད་ལྡན་རེ་སྐོང་ནོར་བུའི་དོ་ཤལ》ཞེས་བྱ་བ་དང། 《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྙེན་སྒྲུབ་བྱ་བའི་རིམ་པ་བླ་མའི་བྱིན་རླབས་འགུགས་པའི་ལྕགས་ཀྱུ》《བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བསྙེན་ཡིག》《ཤེར་སྙིང་གི་མདོའི་སྦས་དོན་མངོན་རྟོགས་གསལ་བའི་ཉི་མ》 《བཟང་སྤྱོད་སྨོན་ལམ་གྱི་དོན་འགྲེལ་ཀུན་བཟང་དགོངས་རྒྱན》 《གྲུབ་མཐའ་གླིང་བཞི་གསལ་བའི་ཉི་མ》སོགས་མང་དུ་མཛད། དགུང་ལོ་ང་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ(༡༨༠༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོད་དང་ཡུམ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་སྤྱི་ལོ་༡༧༤༥ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་འབྲོང་རྩེ་ཆོས་ལྡན་གྱི་དྲུང་དུ་གཙུག་ཕུད་ཕུལ། མཚན་བློ་བཟང་ཚུལ་ཁྲིམས་ཞེས་གསོལ། དགུང་ལོ་ང་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད། ལོ་གཉིས་སོང་རྗེས་སྐུ་གཟུགས་ཐང་མིན་གྱིས་ཡོངས་འཛིན་དགོངས་ཞུ་གནང་ནས་བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་སྒྲུབ་པར་གཞོལ། བཀའ་རྩོམ་ལ། བཤེས་གཉེན་བློ་བཟང་ཚུལ་ཁྲིམས་ཀྱི་རྟོགས་པ་བརྗོད་པ་དད་ལྡན་རེ་སྐོང་ནོར་བུའི་དོ་ཤལ་ཞེས་བྱ་བ་དང་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྙེན་སྒྲུབ་བྱ་བའི་རིམ་པ་བླ་མའི་བྱིན་རླབས་འགུགས་པའི་ལྕགས་ཀྱུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བསྙེན་ཡིག ཤེར་སྙིང་གི་མདོའི་སྦས་དོན་མངོན་རྟོགས་གསལ་བའི་ཉི་མ། བཟང་སྤྱོད་སྨོན་ལམ་གྱི་དོན་འགྲེལ་ཀུན་བཟང་དགོངས་རྒྱན། གྲུབ་མཐའ་གླིང་བཞི་གསལ་བའི་ཉི་མ་སོགས་མང་དུ་མཛད། དགུང་ལོ་ང་དྲུག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་སྤྱི་ལོ་༡༨༠༠ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1745 ལོར་ཉང་སྟོད་གྲམ་བུ་ཞེས་པར་ཡབ་དཔལ་ལྡན་སྲི་ཆོས་དང་། ཡུམ་མཆོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1800 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་འབྲོང་རྩེ་ཆོས་སྡེར་ཆོས་ཞུགས་མཛད། མཁན་པོ་མང་ཐོས་ཚུལ་ལྡན་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཞིང་མཚན་ལ་བློ་བཟང་ཚུལ་ཁྲིམས་ཞེས་གསོལ། དེ་ནས་བཀྲ་ཤིས་ལྷུན་པོ་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད། མཁན་ཆེན་བློ་བཟང་བཀྲ་ཤིས་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པར་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད། དགུང་ལོ་སུམ་ཅུ་ཐམ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་དེར་རབ་འབྱམས་པའི་མཚན་བཏགས་བཞེས། ཁོང་གིས་ལོ་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་དང་། འཇམ་བཞད་འཇིགས་མེད་དབང་པོ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་ལོ་གསུམ་གྱི་རིང་དུ་བཀྲ་ཤིས་ལྷུན་པོའི་རྒྱུད་གྲྭར་ཞུགས་ཏེ་གསང་ཆེན་ཆོས་ཀྱི་ཆོ་ག་དང་ཕྱག་ལེན་བཅས་པར་ནང་བྱན་ཚུད་པར་མཛད། དེ་ནས་ལྷོ་ཕྱོགས་འབྲུག་ཡུལ་གྱི་རི་བོའི་གནས་སུ་ཕེབས་ཏེ་ལོ་ཤས་རིང་དུ་སྒྲུབ་པ་ཉམས་ལེན་མཛད། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་[1576]ནས་རྒྱུད་པ་གྲྭ་ཚང་གི་སློབ་དཔོན་གནང་། དགུང་ལོ་ལྔ་བཅུ་ང་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་མཛད། ལོ་གཉིས་འགོར་རྗེས་སྐུ་གཟུགས་ཐང་མིན་གྱིས་ཡོངས་འཛིན་དགོངས་ཞུ་མཛད་དེ་བདེ་ཆེན་ཆོས་འཁོར་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བ་མཛད། དགུང་ལོ་ལྔ་བཅུ་ང་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི《ཞལ་གདམས་གསུང་མགུར》དང་། 《ཤེར་སྙིང་སྦས་དོན་མངོན་རྟོགས་གསལ་བའི་ཉི་མ》། 《བཀྲ་ཤིས་ལྷུན་པོའི་གནས་བསྟོད་མཐོང་བ་དོན་ལྡན》། 《གནས་མཆོག་མགར་མོ་ཆོས་རྫོང་གི་བསྟོད་པ་དད་ཅན་འགུགས་པའི་ལྕགས་ཀྱུ》། 《དབེན་ས་ཆོས་ཀྱི་ཕོ་བྲང་གི་གནས་བསྟོད་ཤེལ་དཀར་ཕྲེང་བ་ཀུན་གྱི་ཡིད་འཕྲོག》། 《རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བ་ཉི་མའི་སྙིང་པོ》། 《འདུལ་བའི་ལས་ཆོག་ལག་ལེན་སྙིང་པོར་བསྒྲིལ་བ》བཅས་པོད་གཅིག་བཞུགས་སོ། །

language:
Tibetan