- yongs 'dzin ye shes rgyal mtshan
- ID:
- T243430
- ཡོངས་འཛིན་ཡེ་ཤེས་རྒྱལ་མཚན (Tibetan, Tibetan script, Original)
- > yongs 'dzin ye shes rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > yongdzin yeshe gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་(༡༧༡༣)ལོར་འཁྲུངས། དགུང་ལོ་བདུན་ཐོག་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་དབུ་རྒྱན་ཆོས་འཕེལ་ཞེས་བསྩལ། ཨ་ནེས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རམས་པ་ནས་ཆོས་སྤྱོད་འཛིན་སྐྱོར་གནང་དུ་བཅུག། དགུང་ལོ་བཅུ་ཐོག་བཀྲས་ལྷུན་གྱི་ཆོས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་གནང། དགུང་ལོ་བཅུ་བདུན་པར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དེ་རྗེས་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་སྒྲུབ་པ་ལ་བརྩོན། དགུང་ལོ་ཉི་ཤུ་ལ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་ལ་དབུས་སུ་ཕེབས། ཕུར་ལྕོག་བྱམས་པ་རིན་པོ་ཆེ་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་བཞུགས། དགུང་ལོ་ཉེར་གསུམ་ལ་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་ལ་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མི་ལོ་གཅུ་གཉིས་ཧྲིལ་པོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ཞེ་བཞི་ནས་རེ་ལྔའི་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ་། ཆོས་སྡིངས་ཚུལ་ལྡན་གླིང། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་གནང། དགུང་ལོ་རེ་གཉིས་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ཏེ་དགུང་ལོ་བརྒྱད་ཅུ་བར་ཡོངས་འཛིན་མཛད། 《བླ་མ་མཆོད་པའི་ཁྲིད་ཡིག》དང་། 《སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་པའི་སྒྲོན་མེ》 《ཤེར་ཕྱིན་སྟོང་ཕྲག་བརྒྱད་པ》 《མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་པའི་སྒྲོན་མེའི་ལེགས་བཤད》 《དམ་ཚིག་རྡོ་རྗེའི་སྒོམ་བཟླས་དངོས་གྲུབ་ཀུན་བྱུང》 《ལམ་རིམ་བླ་རྒྱུད》སོགས་མདོ་སྔགས་ཀྱི་ཆོས་དཔེ་པོད་འབྲིང་བཅུ་དགུ་ཙམ་མཛད། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་སྤེལ་ནར་མར་བསྐྱངས་། དགུང་ལོ་དོན་བདུན་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཐུགས་མོས་བྱུང་ལ་བརྟེན་ནས་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ། དགུང་ལོ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང(༡༧༩༣)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་གཙང་སྟོད་སྐྱེད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་སྤྱི་ལོ་༡༧༡༣ལོར་འཁྲུངས། དགུང་ལོ་བདུན་ཐོག་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་དབུ་རྒྱན་ཆོས་འཕེལ་ཞེས་བསྩལ། ཨ་ནེས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རམས་པ་ནས་ཆོས་སྤྱོད་འཛིན་སྐྱོར་གནང་དུ་བཅུག དགུང་ལོ་བཅུ་ཐོག་བཀྲས་ལྷུན་གྱི་ཆོས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་གནང་། དགུང་ལོ་རེ་གཉིས་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་ཏ་ལར་བཞུགས་ཏེ་དགུང་ལོ་བརྒྱད་ཅུ་བར་ཡོངས་འཛིན་མཛད། བླ་མ་མཆོད་པའི་ཁྲིད་ཡིག་དང་། སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ། མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་བའི་སྒྲོན་མེའི་ལེགས་བཤད། དམ་ཚིག་རྡོ་རྗེའི་སྒོམ་བཟླས་དངོས་གྲུབ་ཀུན་བྱུང་། ལམ་རིམ་བླ་རྒྱུད་སོགས་མདོ་སྔགས་ཀྱི་ཆོས་དཔེ་པོད་འབྲིང་བཅུ་དགུ་ཙམ་མཛད། དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་སྤེལ་ནར་མར་བསྐྱངས། དགུང་ལོ་དོན་བདུན་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཐུགས་མོས་བྱུང་བ་ལ་བརྟེན་ནས་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ། དགུང་ལོ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ་༡༧༩༣ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1713 ལོར་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1793 ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ཏེ་མཚན་ལ་ཨོ་རྒྱན་ཆོས་འཕེལ་ཞེས་གསོལ། དགུང་ལོ་བརྒྱད་པར་བཀྲ་ཤིས་ལྷུན་པོའི་དྲུང་རམས་པ་ནས་ཆོས་སྤྱོད་ཐུགས་འཛིན་མཛད་དུ་བཅུག དགུང་ལོ་བཅུ་པར་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། ལོ་དེར་པཎ་ཆེན་[1569]བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་ཡེ་ཤེས་རྒྱལ་མཚན་ཞེས་བཏགས་པར་མཛད། དགུང་ལོ་བཅུ་བདུན་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད། དགུང་ལོ་ཉི་ཤུ་ཐམ་པར་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་མཛད་དེ་ལོ་གཅིག་བཞུགས། དགུང་ལོ་ཉེར་གསུམ་པར་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་བསྙུན་ཚུལ་གྱིས་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་པར་དིང་རིར་ཕེབས་ཏེ་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་བོར་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཞི་བཅུ་ཞེ་བཞི་ནས་དགུང་ལོ་དྲུག་ཅུ་རེ་ལྔའི་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང་། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོའི་མཛད་པ་གནང་། དགུང་ལོ་དྲུག་ཅུ་རེ་གཉིས་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ནས་མདོ་སྔགས་ཆོས་ཀྱི་མཆོད་པ་ཕུལ། དགུང་ལོ་དོན་བདུན་པར་གྲིབ་ཚེ་མཆོག་གླིང་དགོན་པ་གསར་འདེབས་མཛད། དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་[1570]གཤེགས། ཁོང་གི་གསུང་རྩོམ་ནི《སྐྱེས་རབས་སོ་བཞིའི་དོན་རྣམ་བཤད་ཐེག་ཆེན་གསལ་སྒྲོན》དང་། 《འཇམ་དཔལ་མཚན་བརྗོད་ཀྱི་འགྲེས་བ་བསྟོད་སྤྲིན་སྒྲ་དབྱངས》། 《ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་རྣམ་བཤད་མཁས་པའི་དགའ་སྟོན》། 《བླ་མ་དམ་པ་མང་པོའི་བསྟོད་ཚོགས》། 《བསླབ་བྱ་དོན་གཉིས་ལྷུན་གྲུབ》། 《འདུལ་བ་རྒྱ་མཚོའི་རྣམ་བཤད》། 《ཉོན་མོངས་དུག་གསུམ་འདུལ་བའི་མན་ངག》བཅས་ཆོས་ཚན་བརྒྱ་དང་ལྔ་བཅུ་ང་དགུ་ལོངས་པའི་པོ་ཏི་བཅུ་དགུ་བཞུགས་སོ། །
- language:
- Tibetan