- ring rgyu
- ID:
- T244214
- རིང་རྒྱུ (Tibetan, Tibetan script, Original)
- > ring rgyu (Tibetan, Latin script, Transliteration-THL Extended Wylie Transliteration)
- > ring gyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཡེ་གཞི་ཐོག་མའི་དུས་ནས་ནད་ཀྱི་རྒྱུ་བྱེད་པའི་མ་རིག་པ་དང་། དེ་ལས་འཕྲོས་པའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལ་གོ་དགོས་སྟེ། བཤད་པ་སྐུའི་རྒྱུད་ལས། རིང་བའི་རྒྱུ་ལ་སྤྱི་དང་ཁྱད་པར་གཉིས། དང་པོ་ནད་འཁྲུགས་སྣ་ཚོགས་ཚུལ་ཅན་གྱིས། གྲངས་མེད་གྱུར་པས་ལུས་ཉིད་གཟིར་གྱུར་པ། དེ་རྒྱུ་རེ་རེར་བསྟན་པ་མི་ནུས་པས། དེ་བས་ནད་ཀུན་སྤྱི་རྒྱུ་བརྗོད་པ་ནི། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང་། འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་། མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་བའི། འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད། ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་ལྷན་ཐབས་ལས། རིང་རྒྱུ་མ་རིག་ལས་བྱུང་ཞེ་སྡང་སྟེ། མ་རིག་དབང་གིས་ཉོན་མོངས་དུག་ལྔར་སྨིན། དེ་ལས་ཞེ་སྡང་མཁྲིས་པ་སྐྱེད་རྒྱུ་ཡིན། ཅི་ཕྱིར་མ་རིག་མེད་ན་ཉོན་མོངས་མེད། ཉོན་མོངས་མེད་པར་ཞེ་སྡང་མི་འབྱུང་སྟེ། ཞེ་སྡང་མེད་པར་ཚ་བ་འབྱུང་མི་སྲིད། དེ་བཞིན་མ་རིག་མེད་ན་ཉོན་མོངས་མེད། ཉོན་མོངས་མེད་པར་འདོད་ཆགས་མི་འབྱུང་སྟེ། འདོད་ཆགས་མེད་པས་རླུང་ནད་འབྱུང་མི་སྲིད། དེ་བཞིན་མ་རིག་མེད་ན་ཉོན་མོངས་མེད། ཉོན་མོངས་མེད་པར་གཏི་མུག་མི་འབྱུང་སྟེ། དེ་མེད་བད་ཀན་གྲང་བ་འབྱུང་མི་སྲིད། དེས་ན་མ་རིག་པ་ལས་ཉོན་མོངས་ཏེ། ཉོན་མོངས་རྣམ་པ་གསུམ་ལས་ཉེས་གསུམ་འབྱུང་། དེ་ལས་སྐྱེས་པའི་ནད་ཀྱི་རྣམ་གྲངས་ལ། གྲངས་དང་མིང་གི་ངེས་བསྟན་མེད་པར་གསུངས། ཞེས་དང་། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། རིང་རྒྱུ་ནི། ཡེ་གཞི་ཐོག་མའི་དུས་ནས་ནད་ཀྱི་རྒྱུ་བྱེད་པའི་མ་རིག་པ་དང་། དེ་ལས་འཕྲོས་པའི་དུག་གསུམ་ལ་གོ་དགོས་ཤིང་། ནང་གསེས་སུ་རླུང་ནད་ཀྱི་སྐབས་སུ་རིང་རྒྱུ་ཞེས་འདོད་ཆགས་དང་། མཁྲིས་ནད་ཀྱི་སྐབས་སུ་ཞེ་སྡང་། བད་ཀན་ནད་ཀྱི་སྐབས་སུ་གཏི་མུག་ལ་གོ་དགོས་སོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan