- rus pa'i dum bu sum brgya drug cu
- ID:
- T244394
- རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ (Tibetan, Tibetan script, Original)
- > rus pa'i dum bu sum brgya drug cu (Tibetan, Latin script, Transliteration-THL Extended Wylie Transliteration)
- > rüpé dumbu sumgya drukchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ལུས་འདི་ལ་རུས་པ་དུམ་བུའི་དབང་དུ་བྱས་ནས་གྲངས་འདྲེན་ན་སུམ་བརྒྱ་དང་དྲུག་ཅུ་མཆིས་པས་དེ་དག་གི་གྲངས་འདྲེན་ཚུལ་ཐད་བྱང་ཟུར་གཉིས་བཞེད་པ་མི་མཐུན་པ་ཆེར་མ་མཆིས་པས་འདིར་དགའ་བོ་མངལ་འཇུག་གི་མདོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་གཉིས་ནས་དྲངས་ཏེ་འགོད་པར་བྱ་བ་ལས། རུས་པའི་དུམ་བུ་ནི། དགའ་བོ་མངལ་གནས་ཀྱི་མདོ་ལས། རུས་པ་འདུས་ནས་ལུས་གྲུབ་པ། ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། མགོ་ཐོད་རུས་པ་དགུ་འདུས་ཤིང་། འགྲམ་པའི་རུས་པ་གཉིས་འདུས་ཏེ། སོ་ནི་སུམ་ཅུ་རྩ་གཉིས་ལྡན། དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩེ་གཉའ་བའི་རུས་པ་དང་། རྐན་དང་སྣ་ཡི་རུས་པ་དང་། བྲང་དང་མིད་པའི་རུས་པ་དང་། བསྡུས་ན་རུས་པ་ཉི་ཤུ་ཡོད། མིག་ལ་རུས་པ་བཞི་ཡོད་དེ། ཕྲག་པ་མཇིང་པ་ཟུང་གཉིས་ཡོད། ལག་པ་གཉིས་དང་སོར་མོ་རྣམས། བསྡུས་ན་རུས་པ་ལྔ་བཅུ་ཡོད། ལྟག་རྒྱབ་རུས་པ་ལྔ་བཅུ་ཡོད། སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། འདི་དག་ཀུན་ལ་རྩ་ཡོད་པས། དེ་ཡི་གྲངས་ནི་བཞི་ཆར་ཡོད། རྩིབ་ལོགས་གཡས་པའི་རུས་པ་ནི། ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། རྩིབ་ལོགས་གཡོན་འབྲེལ་སྐྱེས་པ་ཡི། རུས་པ་དག་ནི་བཅུ་གསུམ་ཡོད། རུས་པ་ལུ་གུ་རྒྱུད་འདི་དག་གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། གཉིས་གཉིས་དག་ནི་ཚིགས་ལྡན་དེ། ལྷག་མ་གཞན་ནི་འབྲེལ་བ་མེད། གཡས་གཡོན་བརླ་ནི་གཉིས་པོ་ལ། བསྡུས་ན་རུས་པ་ལྔ་བཅུ་ཡོད། ལུས་ནང་འབྲེལ་བའི་རུས་པ་ནི། བསྡུས་ན་སུམ་བརྒྱ་དྲུག་ཅུ་ཡོད། རུས་ཚིགས་ཕན་ཚུན་འབྲེལ་ནས་ནི། སེམས་ཅན་ལུས་ནི་འགྲུབ་ཡིན་ཞེས། བདེན་པའི་ཚིག་ཏུ་གསུངས་པ་ཡིན། ཞེས་གསུངས་པ་ལྟར་དང་། བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། དེ་ཡང་མགོ་ལ་དུམ་བུ་དགུ་པར་བརྩིས་པའི་རུས་རིགས་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་རྒྱུད་དང་མཐུན་པར་ཐོད་པ་དུམ་བུ་བཞི་པར་བརྩིས་པའི་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་འདྲེན་པ་སྟེང་ལས་བཞི། འགྲམ་པ་གཉིས། སོ་སུམ་ཅུ་རྩ་གཉིས་དང་། དེའི་རྩ་བ་སོ་གཉིས། རྣ་བའི་རུས་པ་ནས་མིད་པའི་རུས་པའི་བར་ལ་རུས་རིགས་ཉི་ཤུ། མིག་རུས་གཉིས་གཉིས་ཏེ་བཞི། སོར་མོ་དང་བཅས་པའི་ལག་པ་ལ་ཉི་ཤུ་རྩ་ལྔ་ཕྲག་གཉིས་ཏེ་ལྔ་བཅུ། ཕྲག་པ་དང་མཇིང་པ་ལ་གཉིས་གཉིས་ཏེ་བཞི། ལྟག་རྒྱབ་ལ་བརྒྱད་དང་། སྒལ་པའི་ཚིགས་པ་སུམ་ཅུ་སོ་གཉིས། དེའི་གྲངས་བཞིས་བསྒྱུར་བས་སོ་གཉིས་ཚན་པ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་བརྒྱད། རྩིབ་ལོགས་གཉིས་ལ་རྩིབ་ཆུང་རེ་བཅས་བཅུ་གསུམ་བཅུ་གསུམ་སྟེ་ཉེར་དྲུག རྐང་པ་སོར་མོ་དང་བཅས་པ་ལ་ལྔ་བཅུ་སྟེ་ཐམས་ཅད་བསྒྲིལ་བས་རུས་པའི་དུམ་བུ་སུམ་བརྒྱ་དང་དྲུག་ཅུར་ཡོད་པར་གསུངས་སོ། །
- language:
- Tibetan