- rong po skal ldan ngag dbang 'phrin las rgya mtsho
- ID:
- T244510
- རོང་པོ་སྐལ་ལྡན་ངག་དབང་འཕྲིན་ལས་རྒྱ་མཚོ (Tibetan, Tibetan script, Original)
- > rong po skal ldan ngag dbang 'phrin las rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > rongpo kalden ngawang trinlé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡབ་རོང་པོའི་བུ་ཆོས་སྐྱོང་གི་སྲས་རབ་བྱུང་བཅུ་གཅིག་པའི་ས་རྟ(༡༦༧༨)ལོར་འཁྲུངས། དགུང་ལོ་བདུན་པ་ལ་བ་སོ་རྗེ་དྲུང་དཀོན་མཆོག་ཉི་མའི་དྲུང་དུ་རབ་ཏུ་བྱུང་། མཚན་ངག་དབང་འཕྲིན་ལས་རྒྱ་མཚོར་གསོལ། རྗེ་ཚུལ་ཁྲིམས་བཀྲ་ཤིས་དང་རྗེ་ཤེས་རབས་བཀྲ་ཤིས་བླ་མར་བསྟེན་ནས་དབང་ལུང་ཁྲིད་གསུམ་དང་རྗེ་གོང་མའི་སྙན་བརྒྱུད་ཀྱི་དམ་པ་མ་ལུས་གསན། དགུང་ལོ་ཉི་ཤུ་པ་མེ་གླང(༡༦༩༧)ལོར་དབུས་སུ་ཕེབས་ཏེ་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ཀྱིས་མཚོན་མཁས་གྲུབ་དུ་མའི་ཞབས་དུ་གཏུགས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲར་ཞུགས་ཏེ་གསན་བསམ་མཛད། པཎ་ཆེན་བློ་བཟང་ཡི་ཤིས་ལས་བསྙེན་རྫོགས་བཞེས། དགུང་ལོ་ཉེར་གསུམ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྒོ་མང་ཁྲིར་ཕེབས་པའི་དྲུང་དུ་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་པ་ཆུ་རྟ(༡༧༠༢)ལོར་གོང་ས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གིས་དགའ་ལྡན་ཨ་ཆི་ཐུ་ཨེར་ཏི་ནི་ནོ་མོ་ཧན་གྱི་ཆོ་ལོ་དང་། ཐམ་ག་གྲུ་སྒོར། གདུགས་རྟ་དར། འབེབ་ལྕགས་སོགས་ཆེན་པོར་འོས་པའི་གཟེངས་བསྟོད་དང་། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་ཀྱང་གཟིངས་བསྟོད་གནང་། ལོ་དེར་གསེར་ལྗོངས་ཞིང་གི་གདན་ས་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས། སྔགས་འཆང་འཇམ་དབྱངས་བློ་གྲོས་ལས་ཟབ་ཆོས་ཀྱི་གདམས་ངག་མང་དུ་གསན་། དགུང་གྲངས་སུམ་བཅུ་པར་ཡོངས་འཛིན་རྗེ་ཤེས་རབ་བཀྲ་ཤིས་ཀྱི་སྤྱན་སྔར་ཕྲེང་བ་གསན་སྐབས་ཆེན་མོ་དཀྱིལ་འཁོར་སོ་སོའི་གཙོ་བོར་དངོས་སུ་གཟིགས་ནས་ཐུགས་དད་ཚད་མེད་པ་འཁྲུངས། དགུང་གྲངས་སོ་དགུ་པར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོ་དགུང་ལོ་བརྒྱད་པ་དང་མཇལ་ཏེ་སྤྱན་རས་གཟིགས་ཀྱི་རྗེས་གནང་གསན། རྗེ་འདི་པའི་ལྗགས་བཀོད་ལྟར་སྦྱིན་བདག་ཨརྒེར་གྱིས་རོང་པོ་ནང་བཀའ་འགྱུར་གསེར་བྲིས་མ་བཞེངས། དགུང་ལོ་ང་ལྔ་པ་ཆུ་བྱི(༡༧༣༢) ལོར་ནང་སོ་ངག་དབང་བློ་བཟང་དང་བཀའ་གྲོས་མཛད་དེ་སྒྲུབ་སྡེ་དང་དགོན་ལག་ལྷན་གཅིག་འཚོགས་ཏེ་རོང་པོ་སྨོན་ལམ་གསར་དུ་བཙིགས་པ་ལོ་ལྟར་རྒྱུན་འཇགས་སོང་། དགུང་གྲངས་ང་བདུན་བཞེས་པ་ཤིང་སྟག(༡༧༣༤)ལོར་འཇའ་མོའི་དཔོན་སློབ་ངག་དབང་གྲགས་པ་ལ་ཞ་ལུ་བ་ལེགས་པ་རྒྱལ་མཚན་གྱི་ཞུན་ཐིག་ལས་གྲུབ་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་། སྔར་བཅོམ་ལྡན་འདས་རྡོ་རྗེ་འཕགས་མོས་དངོས་སུ་གནང་བའི་རྒྱུད་ཀྱི་གླེགས་བམ་དང་བཀའ་ཁྱབ་བཅས་པ་བསྩལ་ཏེ་སྒྲུབ་སྡེ་སོ་སོ་ནས་དགེ་འདུན་གསང་བ་འདུས་པའི་ལྷ་གྲངས་སུ་བསྡུས་ཏེ་རོང་པའི་གྲུ་ཚང་གསུམ་གྱི་ཡ་གྱལ་དཔལ་ལྡན་རྒྱུད་པ་གྲུ་ཚང་གསང་ཆེན་ཆོས་ཀྱི་བང་མཛོད་གསར་དུ་བཙུགས་པ་དང་ཆོས་ཁྲི་དང་པོར་བྱིན་གྱིས་བརླབས། རྗེ་ཉིད་གང་དུ་ཕེབས་པ་ན་ཚུལ་ཁྲིམས་ཀྱི་དྲི་བཟང་ཁོར་ཡུག་ཏུ་ཁྱབ། རྡོ་ཡང་འདམ་ལྟར་བརྫིས་ཏེ་ཞབས་རྗེས་བཀོད་པ་ལ་སོགས་རྫུ་འཕྲུལ་ཅི་ཡང་བསྟན། དྲུང་འཁོད་རྣམས་ཀྱི་རྟོགས་པ་ཕྲ་མོ་ཡང་མཁྱེན། གསུང་རྩོམ་ལ 《རྗེ་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར》 《མདོ་ངགས་ལམ་གྱི་གནད་མ་ལུས་པ་ཉམས་སུ་ལེན་པའི་རྣལ་འབྱོར》 《རྗེ་ཤེས་རབས་བཀྲ་ཤིས་པའི་རྣམ་ཐར》དེ་བཞིན་རྟོགས་བརྗོད་དང། རྣམ་ཐར། བསླབ་བྱ། མགུར་མ་སོགས་པོ་ཏི་གཅིག་གཞུགས། དགུང་གྲངས་རེ་གཉིས་ལ་ཕེབས་རབ་བྱུང་གཉིས་པའི་ས་ལུག་(༡༧༣༩) ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཡབ་རོང་པོའི་བུ་ཆོས་སྐྱོང་གི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་སྤྱི་ལོ་ (༡༦༧༨) ལོར་འཁྲུངས། དགུང་ལོ་བདུན་པ་ལ་བ་སོ་རྗེ་དྲུང་དཀོན་མཆོག་ཉི་མའི་དྲུང་དུ་རབ་ཏུ་བྱུང་། མཚན་ངག་དབང་འཕྲིན་ལས་རྒྱ་མཚོ་གསོལ། རྗེ་ཚུལ་ཁྲིམས་བཀྲ་ཤིས་དང་རྗེ་ཤེས་རབ་བཀྲ་ཤིས་བླ་མར་བསྟེན་ནས་དབང་ལུང་ཁྲིད་གསུམ་དང་རྗེ་གོང་མའི་སྙན་བརྒྱུད་ཀྱི་གདམས་པ་མ་ལུས་གསན། དགུང་ལོ་ཉི་ཤུ་པ་མེ་གླང་སྤྱི་ལོ་ (༡༦༩༧) ལོར་དབུས་སུ་ཕེབས་ཏེ་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ཀྱིས་མཚོན་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། འབྲས་སྤུངས་སྒོ་གང་གྲྭ་ཚང་གི་ཆོས་གྲྭར་བཞུགས་ཏེ་གསན་བསམ་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་བཞེས། དགུང་ལོ་ཉེར་གསུམ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྒོ་མང་ཁྲིར་ཕེབས་པའི་དྲུང་དུ་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། གསུང་རྩོམ་ལ། རྗེ་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། མདོ་སྔགས་ལམ་གྱི་གནད་མ་ལུས་པ་ཉམས་སུ་ལེན་པའི་བླ་མའི་རྣལ་འབྱོར། རྗེ་ཤེས་རབ་བཀྲ་ཤིས་པའི་རྣམ་ཐར་དེ་བཞིན་རྟོགས་བརྗོད་དང་། རྣམ་ཐར། བསླབ་བྱ། མགུར་མ་སོགས་པོ་ཏི་གཅིག་བཞུགས། དགུང་གྲངས་རེ་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་སྤྱི་ལོ་ (༡༧༣༩) ལོར་ཞི་བར་གཤེགས།
- language:
- Tibetan