Skip to main content Skip to search
rlung srog 'dzin
ID:
T244595
  • རླུང་སྲོག་འཛིན (Tibetan, Tibetan script, Original)
    • > rlung srog 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lung sokdzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནས་དང་བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་རླུང་ལྔའི་ཡ་གྱལ་ཀླད་པའི་ཆར་གནས་པའི་རླུང་གི་མིང་སྟེ། ཕྱག་པའི་རིན་ཆེན་ཕྲེང་བ་ལས། སྲོག་འཛིན་རྒྱུངས་པའི་སྦུབས་ན་གནས། ཁྱད་པར་ཀླད་པའི་དཀྱིལ་དུ་གནས། ཞེས་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་བཤད་པའི་གཞུང་ལས། རྩ་བ་དབུ་མ་སྲོག་རླུང་ནི། དབུས་གནས་ཀུན་གཞི་བརྟེན་པར་བྱེད། ནམ་མཁའི་མགོན་པོ་ཞེས་བྱ་བ། འཆི་བའི་ཚེ་ན་ཡང་དག་རྒྱུ། ད་ལྟ་བདག་འཛིན་ཕྲན་པ་བསྐྱེད། ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད། ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། སྲོག་འཛིན་ཞེས་བྱ་བའི་རླུང་དེ་ནི་གཙོ་བོར་སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་གནས་པ་སྲོག་ཆེན་པོའི་སྲོག་འཛིན་གྱི་རླུང་ཞེས་བྱ་བ་དང་དོན་གཅིག་ལ། དེ་ཡང་རླུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་ཡིད་ལྷན་ཅིག་པའི་གཡོ་བ་དེ་ལ་བྱ་ཞིང་། དེ་ནི་དོན་དུ་རྩ་དབུ་མའི་སུམ་ཆ་ལྟེ་བ་ནས་སྤྱི་བོའི་བར་ཐམས་ཅད་གང་བའི་ཚུལ་དུ་གནས་ཀྱང་། ལས་བྱེད་པའི་ཚུལ་ནི་གཙོ་བོ་སྤྱི་བོར་གནས་ནས་ཡུལ་གྲེ་བ་དང་བྲང་གཞུང་དུ་རྒྱུ་ཞིང་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ་དང་། མཆིལ་མ་འདོར་བ་དང་། སྦྲིད་པ་དང་། སྒྲེག་པ་འབྱིན་པ་དང་། བློ་གྲོས་དང་མིག་ལ་སོགས་པའི་དབང་པོ་གསལ་ཞིང་སེམས་མི་གཏོང་བར་རང་དང་ལྷན་ཅིག་ཏུ་སེམས་འཛིན་པར་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སྲོག་འཛིན་རླུང་ནི། སྲོག་རྩ་དཀར་པོའི་ཆ་ཤས་ལ་གནས་ཤིང་། ལུས་དང་སེམས་འཛིན་པར་བྱེད་པས་ན་སྲོག་འཛིན་ནོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan