Skip to main content Skip to search
she'i rgyal sras legs ldan
ID:
T245503
  • ཤེའི་རྒྱལ་སྲས་ལེགས་ལྡན (Tibetan, Tibetan script, Original)
    • > she'i rgyal sras legs ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > shé gyalsé lekden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྙིང་མའི་གཏེར་སྟོན་འདི་ཉིད་ཡབ་འཚོ་བྱེད་དབང་ཕྱུག་རྒྱལ་པོ་དང་། ཡུམ་རྡོ་རྗེ་དགོས་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྟག(༡༢༩༠)ལོར་གཉལ་གྱི་སེ་བ་ལུང་གི་མདར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་བློ་ཤིན་ཏུ་རྒོད་ཅིང་ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐབས་ཤིག་མཁའ་འགྲོའི་ལུང་བསྟན་ལྟར་གྲོལ་བའི་མཆོད་རྟེན་ཆེན་མོའི་ནང་ནས། ཧོར་དམག་གི་འཇིགས་པ་བྱུང་བའི་དུས་གླེགས་བམ་མང་པོ་མཆོད་རྟེན་དུ་སྦས་རྣམས་པ་བཞེས། དེ་ནས་རང་གི་ཕ་ཇོའི་དྲུང་དུ་སྒྲ་དང་དག་ཡིག སྐྱེ་བོ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་མང་པོ་དང་། རྣམ་འཇོམས་དང་འཇམ་དཔལ་མཚན་བརྗོད་སོགས་གསན། ཁུ་བོ་ཤེ་ཐམས་ཅད་མཁྱེན་པ་དང་རྒྱལ་སྲས་བརྩོན་འགྲུས་གཉིས་ལས་ཞི་བྱེད་སྐོར་དང་གསར་རྙིང་གི་ཆོས་མང་པོ་གསན། གཞན་ཡང་བླ་མ་ཆོས་རྒྱལ་བ་དང་། བླ་མ་བཤེན་ཆེན། བོན་སྒོམ་སྣང་བ་རྒྱ་ཡན་སོགས་བླ་མ་མང་པོ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད་པས་སྐུ་གཞོན་ནུ་ནས་མཁྱེན་རྟོགས་ཕུན་སུམ་ཚོགས་ཤིང་ཡོན་ཏན་དཔག་ཏུ་མེད་པ་མངའ། དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་ཞབས་ལ་གཏུགས་ནས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་གསན་པས། གཏེར་སྟོན་གྱིས་རང་གི་ཆོས་བདག་ཏུ་ལུང་བསྟན། མེ་སྦྲུལ(༡༣༡༧)ལོར་བྱར་སྐྲག་ཆུང་རྡོ་རྗེ་བྲག་ནས་གཏེར་གྱི་ཁ་བྱང་རྙེད། ཆུ་ཁྱི(༡༣༢༢)ལོར་གཏེར་སྒོ་ཕྱེ་ནས། རྫོགས་ཆེན་འཁོར་བ་ཆིག་ཆོད་དང་། ཕྱག་ཆེན་སངས་རྒྱས་གསལ་འདེབས། འཁོར་བ་བདེ་ཆེན་ལམ་བྱེད། སྙིང་ཐིག་འདས་རྗེས་རྣམ་གསུམ་སོགས་གཏེར་ནས་དྲངས། གཞན་ཡང་ཙཱ་རི་ཟིལ་ཆེན་ཕུག་ནས་ཀྱང་ཡང་གཏེར་ཚུལ་གྱི་ཞིང་སྐྱོང་གི་སྐོར་ཡང་སྤྱན་དྲངས། དགུང་ལོ་ཞེ་གསུམ་པ་ལ་ཀརྨ་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་དབང་ཁྲིད་ལུང་གསུམ་ཚང་བར་ཕུལ། ཚུར་ཡང་ཆོས་རྗེའི་དྲུང་ནས་ཐུབ་པའི་སྐྱེས་རབས་ཟབ་མོའི་ནང་དོན། རྒྱལ་བ་རྒྱ་མཚོ་སོགས་ཆོས་མང་དུ་གསན་ཅིང་། ཆོས་བདག་པོ་ལ་འཕྲོད་པ་ཡིན་ཅེས་སྙིང་ཐིག་བདག་པོར་མངའ་གསོལ་བའི་ལུང་བསྟན་པར་མཛད། དེ་ནས་འགྲོ་དོན་རྒྱ་ཆེར་སྤེལ་ནས་དགུང་ལོ་བདུན་ཅུ་དོན་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་རྟ(༡༣༦༦)ལོར་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

རྙིང་མའི་གཏེར་སྟོན་འདི་ཉིད་ཡབ་འཚོ་བྱེད་དབང་ཕྱུག་རྒྱལ་པོ་དང་། ཡུམ་རྡོ་རྗེ་དགོས་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྟག (༡༢༩༠) ལོར་གཉལ་གྱི་སེ་བ་ལུང་གི་མདར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་བློ་ཤིན་ཏུ་རྒོད་ཅིང་ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐབས་ཤིག་མཁའ་འགྲོའི་ལུང་བསྟན་ལྟར་གྲོལ་བའི་མཆོད་རྟེན་ཆེན་མོའི་ནང་ནས། ཧོར་དམག་གི་འཇིགས་པ་བྱུང་བའི་དུས་གླེགས་བམ་མང་པོ་མཆོད་རྟེན་དུ་སྦས་པ་རྣམས་བཞེས། དེ་ནས་རང་གི་ཕ་ཇོའི་དུང་དུ་སྒྲ་དང་དག་ཡིག སྐྱེ་བོ་གསོ་ཐིག་སོགས་ལུགས་ཀྱི་བསྟན་བཅོས་མང་པོ་དང་། རྣམ་འཇོམས་དང་འཇམ་དཔལ་མཚན་བརྗོད་སོགས་གསན།

language:
Tibetan