Skip to main content Skip to search
sa skya khri chen rin po che ngag dbang theg chen dpal 'bar
ID:
T245751
  • ས་སྐྱ་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཐེག་ཆེན་དཔལ་འབར (Tibetan, Tibetan script, Original)
    • > sa skya khri chen rin po che ngag dbang theg chen dpal 'bar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sakya tri chen rinpoche ngawang tekchen palbar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡབ་སྒྲོལ་མ་ཕོ་བྲང་གི་སྐུ་ཐོག་ལྔ་པ་བདག་ཆེན་ཀུན་དགའ་རིན་ཆེན་དང་། ཡུམ་ལྷ་ལྡན་རྒྱལ་ཁབ་ཆེན་པོའི་མདུན་ན་འདོན་ས་དབང་བོན་གྲོང་ཤོད་པའི་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ། སྤྱི་ལོ༡༩༤༥་ལོའི་ཟླ་བ་དགུ་བའི་ཚེས་བདུན་གྱི་ཉི་དྲོས་སྦྲུལ་གྱི་དུས་སུ་གདན་ས་འོག་མ་རྩེ་གདོང་བླ་བྲང་དུ་སྐུ་འཁྲུངས། དེའི་སྐབས་སུ་བླ་བྲང་གི་ཐོག་ཁར་འཇའ་ཟུག་པ་དང་། གུ་རུ་རིན་པོ་ཆེས་སྣང་བརྙན་འབུལ་མི་བྱུང་ཞིང་། འབྲི་རྒྱ་ལས་བཞོས་པའི་འོ་མ་འབུལ་མཁན་སོགས་བྱུང་བར་རྟེན་འབྲེལ་ལེགས་པོ་བྱུང་། ཡབ་རྗེ་རྡོ་རྗེ་འཆང་ནས་ཚེ་དཔག་ལྷ་དགུའི་དབང་ཆེན་གནང་། བླ་མ་ངག་བློ་རིན་པོ་ཆེ་དང་ལྷན་གྱིས་སྐུ་ཚེ་ཡུན་རྟེན་དུ་ལེགས་སྦྱར་གྱི་མཚན་ལ་ཨ་ཡུ་བཛྲ་གསོལ། རྗེས་སུ་ཡབ་རྗེ་ནས་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་གསོལ། སྤྱི་ལོ་༡༩༤༧ལོའི་གདན་ས་ཆེན་པོ་ཞབས་ཀྱི་པདྨོ་བཀོད་དེ་འཁྲུངས་གསོལ་ཟབ་རྒྱས་མཛད། རིམ་བཞིན་ཡབ་རྗེ་ལས་འཁོན་ལུགས་རྡོ་རྗེ་ཕུར་བའི་སྟོད་སྨད་ཀྱི་དབང་སོགས་གདམས་ངག་གི་བདུད་རྩི་གསོལ། ཡབ་ཡུམ་གཉིས་སྐུ་གཤེགས་རྗེས་སྐུའི་སྲུ་མོ་འཕྲིན་ལས་དཔལ་འབྱོར་བཟང་མོ་ཡིས་ཐུགས་ཁུར་དང་ས་སྐྱ་གཞུང་ནས་ཡོངས་འཛིན་དུ་དགེ་འཕེལ་དཔོན་སློབ་ཀུན་དགའ་རྒྱལ་མཚན་ལགས་བསྐོས་ཏེ་ཡི་གེ་འབྲི་ཀློག་ནས་བཟུང་ཆོ་ག་སོགས་ལ་རྒྱུགས་འབུལ་དང་གསན་སྦྱོང་མཐར་ཕྱིན་པར་མཛད། ཡོངས་འཛིན་ཀུན་དགའ་ཚེ་དབང་ལས་དབྱངས་རོལ་གར་ཐིག་སོགས་ཀྱི་ཕྱག་བཞེས་རྣམས་ཀྱང་ཐུགས་སུ་ཆུད་པར་མཛདཅིང་། དམ་པ་གོང་མ་རྣམས་སྔར་སྲོལ་བཞིན་ཆོས་སྡེ་རྣམ་གཉིས་སུ་སྒྲིག་ཞུགས་ཀྱི་མཛད་སྒོ་ཁག་ཀྱང་རིམ་བཞིན་བསྐྱངས། སྤྱི་ལོ་༡༩༥༠ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་མཆོག་ལས་ཡབ་ཆོས་གསུང་ངག་ལམ་འབྲས་ཚོགས་བཤད་དང་སློབ་བཤད་སོགས་ཟབ་ཆོས་དུ་མ་གསན། ༧གོང་ས་མཆོག་གིས་དཔལ་ལྡན་ས་སྐྱའི་ཁྲི་འཛིན་མཚན་གསོལ་མཛད་པ་ལྟར་དགུང་ལོ་བརྒྱད་བཞེས་པའི་དུས་སྤྱི་ལོ༡༩༥༢ལོའི་ས་སྐྱ་ཁྲི་ཆེན་བཞི་བཅུ་ཞེ་གཅིག་གི་ཁྲི་འཛིན་གྱི་མཛད་སྒོ་མདོར་བསྡུས་བྱས། སྤྱི་ལོ༡༩༥༤ལོར་མཁན་ཆེན་དེ་ཉིད་ཀྱི་རྒྱལ་ཚབ་ཞབས་དྲུང་ངག་དབང་བསྟན་འཛིན་སྙིང་པོ་ལས་སྒྲུབ་ཐབས་ཀུན་བཏུས་དང་རྒྱུད་སྡེ་བཞི་ཡི་དབང་ཆེན་དུ་མ་གསན། བླ་མ་ངག་བློ་རིན་པོ་ཆེ་མཆོག་ལས་གསེར་ཆོས་དང་འཇིགས་བྱེད་རྭ་ཁྲིད་སོགས་གསན། དགུང་གྲངས་བཅུ་གཅིག་བཞེས་པ་སྤྱི་ལོ་༡༩༥༥ལོར་ལྷ་ལྡན་དུ་ཕོ་བྲང་པོ་ཏ་ལར་རྒྱལ་དབང་མཆོག་གི་ཞལ་སྔ་ནས་གསུང་ཆོས་གསན་བཞེས་གྲུབ་མཚམས་མཎྜལ་ལྗགས་བཤད་མཛད་པས་སྐུ་ཡོན་ལ་མཁས་གྲུབ་མང་པོས་བསྔགས་བརྗོད་ཀྱི་རོལ་མོ་བཀྲོལ། སྤྱི་ལོ༡༩༥༧ལོར་མཁན་ཆེན་འཇམ་དཔལ་བཟང་པོ་མཆོག་ལས་ཞལ་ངོ་ནང་བརྒྱུད་ཀྱི་གསུང་ངག་རིན་པོ་ཆེ། འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་རྒྱུད་སྡེ་ཁག་དང་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཞུས། ཕན་བདེ་མཁན་ཆེན་ངག་དབང་མཁས་གྲུབ་རྒྱ་མཚོ་ལས་འཇིགས་བྱེད་རྭ་ལུགས་ཀྱི་དབང་ཁྲིད་དང་དཀོན་བློའི་གསུང་འབུམ་གྱི་ལྗགས་ལུང་གསན། སྤྱི་ལོ༡༩༥༨ལོའི་ལོ་གསར་གྱི་དགའ་སྟོན་ལ་གཞི་ཐོག་གི་བླ་བྲང་དུ་ས་སྐྱ་ཁྲི་ཆེན་གྱི་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེ་སྤེལ་ཏེ་དཔལ་ལྡན་ས་སྐྱ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་རྒྱལ་པོ་མངའ་གསོལ། མདོ་སྲིབ་མཁན་པོ་ཐུབ་བསྟན་དང་གསེར་ལྗོངས་མཁན་པོ་ཨ་པད། ཁྲི་མཚོ་མཁན་པོ་རིན་ཆེན་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་དུ་མ་ལས་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཚུལ་བགྲང་ལས་འདས་པ་གསན། སྤྱི་ལོ༡༩༥༩ནས་བོད་ལ་དུས་འགྱུར་བྱུང་བས་རྒྱ་གར་འཕགས་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཐོག་མར་རྡོར་གླིང་དུ་གུམ་ས་དགོན་དང་སྒང་ཏིག་ཏུ་ས་ངོར་ཆོས་ཚོགས། དེ་ནས་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དང་ཆོས་སྡེ་མང་པོ་ཕྱག་བཏབ། སྤྱི་ལོ༡༩༧༡ལོའི་ངོ་གཉིས་ཀྱི་དབྱར་དུས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ངག་དབང་ལེགས་བཤད་མཁྱེན་རབ་རྒྱ་མཚོ་མཆོག་ལས་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཁྲིད་ལུང་གསུམ་དང་། ཚར་ལུགས་གསུང་ངག་སློབ་བཤད་དང་། ངོར་ཆེན་བཀའ་འབུམ་གྱི་ལུང་། ཇོ་ནང་ཁྲིད་བརྒྱ་སོགས་གསན། སྤྱི་ལོ་༡༩༧༢ལོར་དཔལ་ལྡན་ས་སྐྱའི་མཐོ་རིམ་སློབ་གྲྭ་གསར་འཛུགས་དགོས་གལ་ཆེ་ལུགས་མཁན་ཆེན་ཨ་པད་རིན་པོ་ཆེར་སྙན་སྐུལ་མཛད་པ་བཞིན་སློབ་གྲྭ་གསར་བཞེངས་ཀྱི་རང་ལུགས་ཀྱི་མདོ་སྔགས་རིག་གནས་དང་བཅས་པ་ཡར་ཟླའི་དཔལ་གྱི་རྗེས་སུ་འགྲོ་བཞིན་ཡོད་ཅིང་། ༡༩༧༤ལོར་དཔལ་ལྡན་ས་སྐྱའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་ལྷ་རིགས་འཁོན་གདུང་འཕེལ་བའི་ཕྱིར་སྡེ་དགེ་ས་སྐྱོང་ཆེན་མོའི་མདུན་ན་འདོན་ཧོ་ཆོ་ཚང་གི་སྲས་མོ་བཀྲ་ཤིས་ལྷ་སྐྱིད་ཁབ་ཏུ་བཞེས་པ་ལས་གདུང་སྲས་སྐུ་མཆེད་གཉིས་བྱོན་པ་བསྟན་འགྲོའི་དཔུང་གཉེན་དུ་འཚོ་བཞུགས་ཀྱིས་གསན་བསམ་སྒོམ་གསུམ་ལྷོད་མེད་མཛད་བཞིན་པ་དང་། སྤྱི་ལོ་༡༩༨༠ལོར་དཔལ་ལྡན་ས་སྐྱའི་མ་དགོན་གྱི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་གྱིས་དགེ་འདུན་འདུས་ཚོགས་ཀྱི་ཆོས་སྤྱོད་ཀྱི་བསན་གསུམ་སྒོམ་གསུམ་ལྷོད་མེད་མཛད། སྐྱབས་རྗེ་མཆོག་གིས་བོད་ཡུལ་དང་འཕགས་ཡུལ་གཉིས་སུ་སྔ་རྗེས་ཀྱཻ་ཕུར་དང་རྡོ་རྗེ་རྣལ་འབྱོར་མ། ཀུན་རིག་སོགས་ལྷག་ལྷ་ཉི་ཤུ་སྐོར་གྱི་ལྗགས་སྙེན་མཛད།འཕགས་ཡུལ་དུ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཚར་བཞི་དང་སློབ་བཤད་ཚར་གཅིག དེ་མིན་ཕྱི་རྒྱལ་དུ་ཚོགས་བཤད་ཚར་བཞི། སློབ་བཤད་ཚར་གཉིས་བཅས་བསྡོམས་གསུང་ངག་རིན་པོ་ཆེ་ཚར་བཅུ་གཅིག་དང་། སྒྲུབ་ཐབས་ཀུན་བཏུས་ཚར་གསུམ། རྒྱུད་སྡེ་ཀུན་བཏུས་ཀྱི་ལུང་ཁྲིད་ཆ་ཚང་སོགས་བསྩལ། མགོན་པོ་གང་གི་གསུང་ཆོས་གནང་བའི་ཡུལ་ལ་ཨ་མེ་རི་ཀ་སོགས་རྒྱལ་ཁབ་ཉེར་བཞི་ལྷག་ཙམ་ད་ལྟ་ཕེབས་ཡོད། གང་གི་གསུང་རྩོམ་ལ་གསན་ཡིག་པོད་གཉིས་དང་། རྗེ་གོང་མའི་གསུང་འབུམ་ཇི་བཞུགས་ཀྱི་དཀར་ཆག་པོད་གཅིག ཉིད་ཀྱི་རང་རྣམ་རྒྱས་པར་པོད་གཉིས། བསྡུས་པ་པོད་གཅིག གྲུབ་ཆེན་བིར་ཝ་པའི་བླ་མཆོད་པོད་གཅིག་ཡོད་དོ། །

language:
Tibetan