Skip to main content Skip to search
sa bcu'i rnam gzhag
ID:
T245786
  • ས་བཅུའི་རྣམ་གཞག (Tibetan, Tibetan script, Original)
    • > sa bcu'i rnam gzhag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sa chü namshyak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བདག་མེད་གཉིས་དང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ཐེག་ཆེན་གྱི་ས་བཅུ་སྟེ་རབ་དགའ་བ་ནས་ཆོས་ཀྱི་སྤྲིན་བར་ས་བཅུ་པོ་རྣམས་སོ། །ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། ས་ཆེན་པོ་བཞིན་དུ་ཡོན་ཏན་ནམ་ཆོས་དཀར་པོ་ཐམས་ཅད་བསྐྱེད་པའི་གཞིའམ་གནས་སམ་རྟེན་བྱེད་པས་ན་ས་ཞེས་བརྗོད་པའོ། །ས་བཅུ་ནི། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་འོད་འཕྲོ་སྦྱང་དཀའ་བ། །མངོན་དུ་གྱུར་དང་རིང་དུ་སོང་། །མི་གཡོ་ལེགས་པའི་བློ་གྲོས་དང་། །ཆོས་ཀྱི་སྤྲིན་ཏེ་ས་བཅུའོ། །དེ་དག་གི་ངེས་ཚིག་ནི་རང་དོན་རྫོགས་པའི་བྱང་ཆུབ་ལ་ཉེ་བ་དང་། གཞན་དོན་སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་ན། དགའ་བ་ཁྱད་ཅན་སྐྱེས་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ། ཚུལ་ཁྲིམས་འཆལ་བ་དང་ཐེག་དམན་ཡིད་བྱེད་ཀྱི་རྩོལ་བའི་དྲི་མ་དང་བྲལ་བས་གཉིས་པ་དྲི་མ་མེད་པ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཚད་མེད་པ་འཚོལ་ཞིང་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོས་འཚིམ་པར་བྱེད་པས་གསུམ་པ་འོད་བྱེད་པ། བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་ལྡན་པའི་སྒོ་ནས་རང་གི་ངོ་སྐལ་གྱི་སྒྲིབ་གཉིས་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་འོད་མེ་ལྟར་འཕྲོ་བས་བཞི་པ་འོད་འཕྲོ་བ། སེམས་ཅན་སྨིན་པར་བྱེད་པའི་ཚེ་གཞན་གྱི་ལོག་སྒྲུབ་བཟོད་པར་དཀའ་བ་དེ་ལ་ས་བཞི་པ་མན་ཆད་ཀྱིས་སྦྱོང་བར་དཀའ་བ་ཡིན་ལ་ས་ལྔ་པ་འདིར་དེ་སྦྱོང་ནུས་པའི་རྒྱུ་མཚན་གྱིས་ལྔ་པ་སྦྱང་དཀའ་བ། ཤེར་ཕྱིན་ལ་བརྟེན་ནས་སྲིད་ཞི་མཉམ་པ་ཉིད་མངོན་དུ་གྱུར་པས་དྲུག་པ་མངོན་དུ་གྱུར་པ། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ཐོབ་ཏུ་ཉེ་བས་དེ་དང་འབྲེལ་ཞིང་རྩོལ་བཅས་ཀྱི་སྦྱོར་བའི་མཐར་སོང་བས་བདུན་པ་རིང་དུ་སོང་བ། མཚན་མ་དང་བཅས་པའི་འདུ་ཤེས་དང་མཚན་མེད་རྩོལ་བཅས་ཀྱི་འདུ་ཤེས་གཉིས་ཀྱིས་མི་གཡོ་བས་བརྒྱད་པ་མི་གཡོ་བ། སོ་སོ་ཡང་དག་པ་རིག་པ་གཞིའི་བློ་གྲོས་བཟང་པོ་ཐོབ་པས་དགུ་པ་ལེགས་པའི་བློ་གྲོས། ནམ་མཁའ་ལ་ཆར་སྤྲིན་འཁྲིགས་ཏེ་ཆར་བབ་ནས་འཇིག་རྟེན་པའི་ལོ་ཏོག་རྒྱས་པར་བྱེད་པར་ལྟར་བྱང་སེམས་ས་བཅུ་པའི་ཤེས་རྒྱུད་ནམ་མཁའ་དང་འདྲ་བ་ལ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཀྱི་སྤྲིན་འཁྲིགས་ནས་ཆོས་ཀྱི་ཆར་བབ་སྟེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཕུན་ཚོགས་པ་རྒྱས་པར་བྱེད་པས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བརྗོད་པ་རྣམས་སོ། །

language:
Tibetan