Skip to main content Skip to search
sangs rgyas kyi mtshan bzang po so gnyis
ID:
T245896
  • སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས (Tibetan, Tibetan script, Original)
    • > sangs rgyas kyi mtshan bzang po so gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sangye kyi tsenzangpo sonyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དེ་བཞིན་གཤེགས་པས་སྔོན་དམ་བཅའ་བརྟན་པར་བྱས་པས་ཞབས་ཀྱི་མཐིལ་ལེགས་པར་མཉམ་པར་གནས་པ། སྦྱིན་པ་བཏང་བས་ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་མཚན། གཞན་ཁྱད་དུ་མ་བསད་པས་རྟིང་བ་ཡངས་ཤིང་ལོང་བུ་མི་མངོན་པ། སེམས་ཅན་གཞན་འཇིགས་པ་ལས་བསྐྱབས་པས་སོར་མོ་རིང་བ། གཞན་གྱི་འཁོར་ཕྲ་མས་མ་ཕྱེ་བས་ཕྱག་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བ། གོས་སྣ་ཚོགས་བྱིན་པས་ཕྱག་ཞབས་པགས་པ་འཇམ་ཞིང་གཞོན་ཤ་ཆགས་པ། བཟའ་བཏུང་རྒྱ་ཆེན་པོ་བྱིན་པས་ཕྱག་ཞབས་ཀྱི་མཐིལ་བཞི་དང་ཕྲག་གོང་གཉིས་དང་ལྟག་པའི་ཆ་སྟེ་སྐུའི་གནས་བདུན་དག་མཐོ་བ། སངས་རྒྱས་ཀྱིས་གསུངས་པའི་ཆོས་བཟུང་བས་བྱིན་པ་ཨེ་ན་ཡ་ཞེས་པ་ཤབྷའམ་བསེ་ཁ་སྒོའམ་ཤ་བའི་བྱིན་པ་དང་འདྲ་བར་ཤ་རྒྱས་ཤིང་བྱིན་གྱིས་ཕྲ་བ། གསང་ཚིགས་བསྲུངས་ཤིང་འཁྲིག་པ་སྤངས་པས་གླང་པོ་ཆེ་ལྟར་གསང་བ་སྦུབས་སུ་ནུབ་པ། དགེ་བ་རྒྱ་ཆེན་པོ་རིམ་གྱིས་སྤྱད་པས་རོ་སྟོད་འཕེལ་ཀ་ཆེ་བ་སེང་གེ་འདྲ་བ། དགེ་བ་ཡང་ངག་པར་སྤྱད་པས་ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ། གཞན་ལ་མི་འཇིགས་པ་བྱིན་པས་དཔུང་མགོ་ལེགས་པར་ཟླུམ་པ། གཞན་གྱི་བྱ་བ་བྱེད་པ་ལ་སྤྲོ་བས་ཕྱག་མཐིལ་འཇམ་ཞིང་ཟླུམ་ལ་མཐོ་དམའ་མེད་པར་མཉམ་པ། སེམས་ཅན་གྱི་དོན་ལ་བརྩོན་པས་མ་བཏུད་པར་པུས་མོར་སླེབས་པའི་ཕྱག་རིང་བ། དགེ་བཅུ་མི་ངོམས་པར་སྤྱད་པས་སྐུ་དྲི་མས་ཡོངས་སུ་དག་ཅིང་འོད་ཀྱི་དཀྱིལ་འཁོར་འདོམ་གང་དང་ལྡན་པ། ནད་པ་ལ་སྨན་སོགས་བྱིན་པས་མགྲིན་པ་ཁ་དོག་དྲི་མ་མེད་ཅིང་དབྱིབས་དུང་དང་འདྲ་བར་འཁྱིལ་བ། དང་པོར་དགེ་བ་ལ་སྦྱོར་ཞིང་ཕྱིས་རྫོགས་པར་བྱས་པས་འགྲམ་པ་རི་དྭགས་རྒྱལ་པོ་འདྲ་བ། སེམས་ཅན་ལ་བསམ་པ་མཉམ་པར་བྱས་པས་ཚེམས་བཞི་བཅུ་སྟེང་འོག་གཉིས་སུ་ཉི་ཤུ་རེར་གྲངས་མཉམ་ཞིང་ཐགས་བཟང་ལ་དྲི་མ་རྣམ་པར་དག་ཅིང་མཐོ་དམན་མཉམ་པ་ཉིད། སྒོ་གསུམ་གྱིས་བསྲུངས་པས་མཆེ་བ་རབ་མཆོག་དཀར་བ། བདེན་པར་གསུངས་པས་ལྗགས་རིང་ཞིང་མཐའ་མེད་ལ་བསམ་དུ་མེད་པ། རོ་བྲོ་བ་མང་པོ་བྱིན་པས་ལྗགས་ཁ་ཟས་ཀྱི་རོ་བྲོ་བའི་མཆོག་དང་ལྡན་པ། འཇམ་ཞིང་དགའ་བའི་ཚིག་སྨྲས་པས་རང་བྱུང་གི་གསུང་ཀ་ལ་པིངྒའི་སྒྲ་དང་ཚངས་པའི་དབྱངས་ལྟར་སྙན་པ། བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུངས་པས་སྤྱན་བཟང་པོ་ཨུཏྤལ་སྔོན་པོ་འདྲ་བ། བསམ་པ་གཡོ་སྒྱུ་མེད་པས་རྫི་མ་ཁྱུ་མཆོག་འདྲ་བར་སྣུམ་ཞིང་མ་འཛིངས་པ། བསྔག་འོས་ལ་བསྔགས་པས་ཞལ་མཛེས་ཞིང་དྲི་མ་མེད་པའི་སྨིན་མཚམས་སུ་མཛོད་སྤུ་དཀར་པོ་ཉག་སུམ་ཅུ་རྩ་གཉིས་དང་ལྡན་པ། བླ་མ་ལ་གུས་པས་གཙུག་ཏོར་དབུར་ལྡན་པ་སྟེ་ལུས་དྲང་པོར་མི་གཡོ་བ། ཆོས་འཚོས་བ་ལས་སུ་རུང་བས་པགས་པ་དག་ཅིང་སྲབ་ལ་གསེར་གྱི་མདོག་འདྲ་བ། འདུ་འཛི་སྤངས་པས་བ་སྤུ་ཕྲ་ཞིང་འཇམ་ལ་ཁུང་བུ་རེ་ནས་རེ་རེ་སྐྱེས་པ། གདམས་ངག་ལ་མཐུན་པར་འཛིན་པས་བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཤིང་གཡས་སུ་འཁྱིལ་བ། ཀུན་ལ་བརྩེ་ཞིང་མཚོན་ཆ་སྤངས་པས་དབུ་སྐྲ་དྲི་མ་མེད་ཅིང་རིན་པོ་ཆེ་མཐོན་མཐིང་ལྟར་སྔོ་བ། རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བས་ནྱ་གྲོ་དྷ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་ཆེ་ཞིང་གབ་པ། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་དེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲེགས་པའི་སྐུ་དང་ལྡན་པ་སྟེ་སུམ་ཅུ་སོ་གཉིས་སོ། །

language:
Tibetan