- sangs rgyas rin chen
- ID:
- T245921
- སངས་རྒྱས་རིན་ཆེན (Tibetan, Tibetan script, Original)
- > sangs rgyas rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་མཁས་གྲུབ་ཆོས་དཔལ་བའི་སྲས་སུ་རབ་བྱུང་དྲུག་པའི་ས་ཡོས༡༣༣༩ལོར་སྣེའུ་མཁར་དུ་སྐུ་བལྟམས། བྱིས་པའི་དུས་ནས་ཐུགས་རིག་སྐྱེན་ཞིང་བློ་གྲོས་དང་ལྡན། སྐུ་ན་ཕྲ་བའི་དུས་ཡབ་མེས་ཀྱི་ཆོས་བརྟག་གཉིས་རྔོག་ལུགས་ཀྱི་བཤད་པ་དང་། རྙིང་མའི་ཕུར་བུ་དང་རྟ་མགྲིན། བླ་མ་གསང་འདུས་ལ་སོགས་པ་བཀའ་གཏེར་གྱི་ཆོས་མང་དུ་གསན། དེ་ནས་རྩེད་ཐང་དུ་བྱོན་ཏེ་ཆེན་པོ་ཆོས་སེང་བ་དང་སློབ་དཔོན་འོད་ཟེར་དཔལ་བ་ལ་ཕར་ཕྱིན་གསན་ཞིང་གྲྭ་སྐོར་ཡང་མཛད། དེ་ནས་རྣམ་འགྲེལ་བསླབས་ཏེ་ཊཱིཀ་ཡང་ཐུགས་ལ་རྫོགས་པར་ལོན། ལོ་ཙཱ་བ་ནམ་མཁའ་བཟང་པོ། ཆོས་རྗེ་ཕྱོགས་པ། རྟོགས་ལྡན་སྔོ་ཉལ་བ་ཡེ་ཤེས་རྒྱལ་མཚན། སློབ་དཔོན་འཇམ་སྒེག ཡར་འབྲོག་ཁ་བ་ལུང་པ།ཞང་སྟོན་བསོད་ནམས་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། དེ་དག་ལས་རྒྱུད་ཕལ་ཆེན་མོའི་བཤད་པ།དཔལ་དུས་ཀྱི་འཁོར་ལོའི་དབང་། མན་ངག་སྦྱོར་དྲུག་བསྙེན་སྒྲུབ། ནཱ་རོ་པའི་དབང་མདོར་བསྟན་གྱི་འགྲེལ་པ་སོགས་མང་དུ་གསན་ཞིང་ཐུགས་ལ་ལེགས་པར་ཆུད། ཀུན་མཁྱེན་ཆེན་པོ་ལྷ་སར་ཕེབས་དུས་བསྙེན་པར་རྫོགས། ཆོས་ཕྲན་འགའ་ཡང་གསན། དེ་རྣམས་ལས་རྗེ་ཕྱོགས་ལས་རྣམ་རྒྱལ་བའི་ལུགས་ཉིད་གཙོ་བོར་མཛད། དེ་ནས་སྒྲུབ་པ་ལ་ཞུགས་ཏེ་ཡན་ལག་དྲུག་གི་རྣམ་འབྱོར་ལྷུར་བཞེས་པའི་ཚེ་ལོ་དགུ་ཙམ་སྐུ་ལུས་མེ་མདག་གིས་བསྲེགས་པ་འདྲ་བའི་བསྙུན་དྲག་པོ་བཞེས་ཀྱང་ཐུགས་དམ་ཆག་པ་མེད། བསྙུན་ལས་གྲོལ་རྗེས་ཐུགས་དམ་ཡང་ཤིན་ཏུ་འཕེལ་བར་གྱུར་ཅིང་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང་། རྒྱུན་དུ་དད་ལྡན་གྱི་སྐྱ་སེར་ཕོ་མོ་ལ་སོགས་པ་གདུལ་བྱ་མང་པོ་ལ་ཡན་ལག་དྲུག་གི་ཁྲིད་བཏབ་སྟེ། གཞན་དོན་དཔེ་མེད་དུ་མཛད། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་སོགས་མཁྱེན་རྒྱ་ཆེ་བའི་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱོན། དགུང་གྲངས་བརྒྱད་ཅུ་གྱ་དྲུག་བར་འཚོ་བཞེས་ཀྱིས་རབ་བྱུང་བདུན་པའི་ཤིང་འབྲུག༡༤༢༤ལོར་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་སོ། །
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1339 ལོར་སྣེའུ་མཁར་དུ་ཡབ་མཁས་གྲུབ་ཆོས་དཔལ་གྱི་སྲས་སུ་སྐུ་འཁྲུང་། རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1424 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་ལ་གསན་པས་བྱིས་པ་ཟླ་བོ་དང་ཁ་འཐབ་ཙམ་ཡང་མཛད་མ་མྱོང་། སྐུ་ན་ཕྲ་བ་ཉིད་ནས་ཡབ་མེས་ཀྱི་ཆོས་བརྟག་གཉིས་རྔོག་ལུགས་ཀྱི་བཤད་པ་དང་། རྙིང་མའི་ཕུར་བུ་དང་རྟ་མགྲིན། བླ་མ་གསང་འདུས་ལ་སོགས་པ་བཀའ་གཏེར་གྱི་ཆོས་མང་པོ་གསན། དེ་ནས་རྩེས་ཐང་དུ་བྱོན་ཏེ་ཆེན་པོ་ཆོས་སེང་བ་དང་སློབ་དཔོན་འོད་ཟེར་དཔལ་བ་ལ་བསྟེན་ནས་ཕར་ཕྱིན་བསླབས་ཤིང་གྲྭ་སྐོར་ཡང་མཛད། ལོ་ཆེན་བྱང་[1746]ཆུབ་རྩེ་མོ་དང་ལོ་ཙཱ་བ་ནམ་མཁའ་བཟང་པོ་གཉིས་ལས་རྒྱུད་འགྲེལ་ཆེན་མོའི་བཤད་པ་ཚར་གཉིས་རེ་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལས་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། མན་ངག་སྦྱོར་དྲུག་དང་བསྙེན་སྒྲུབ་གཉིས་ཀ་གསན། རྟོགས་ལྡན་སྔོ་ཉལ་མ་ཡེ་ཤེས་རྒྱལ་མཚན་ལས་རྒྱུད་འགྲེལ་ཕྱོགས་མཆན་དང་བཅས་པ་གསན། སློབ་དཔོན་འཇག་སྒེག་ལས་དོན་དམ་བསྙེན་པ་དང་ལྟ་འདོད་མདོར་བསྟན་དང་། ཡར་འབྲོག་ཁ་བ་ལུང་པ་ཞང་སྟོན་བསོད་ནམས་གྲགས་པ་ལས་རྒྱུད་འགྲེལ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱི་མཆན་དང་བཅས་པ་གསན། རི་སྟོན་བློ་ཆེན་འོད་ལས་རྒྱུད་འགྲེལ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར་དང་ནཱ་རོ་པའི་དབང་མདོར་བསྟན་གྱི་འགྲེལ་བ་བཅས་གསན། དགུང་ལོ་ཉི་ཤུ་ཐམ་པར་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ལྷ་སར་ཕེབས་དུས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཆོས་ཕྲན་འགའ་ཡང་ཞུས། དེ་ནས་སྒྲུབ་པ་ལ་ཞུགས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་བླངས་པའི་ཚེ་སྐུ་ལུས་སྟོད་སྨད་ཐམས་ཅད་མེ་མདག་གིས་བསྲེགས་པ་འདྲ་བའི་བསྙུན་གྱིས་ལོ་དགུར་བསྙུང་ཡང་ཐུགས་དམ་མ་ཆག དེ་ནས་བསྙུན་ལས་ཀྱང་གྲོལ་ནས་ཐུགས་དམ་ཡང་ཤིན་ཏུ་འཕེལ་བར་གྱུར་པ་ལས་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང་། རྒྱུན་ལྡན་དུ་སེར་སྐྱ་ཕོ་མོ་ལ་སོགས་པའི་གདུལ་བྱ་མང་པོ་ལ་ཡན་ལག་དྲུག་གི་ཁྲིད་བཏབ་སྟེ་གཞན་དོན་ཡུན་རིང་དུ་མཛད་ཅིང་དགུང་ལོ་བརྒྱད་ཅུ་རྩ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་གི་སློབ་མའི་གཙོ་བོ་ནི་འགོས་ལོ་གཞོན་ནུ་དཔལ་ཡིན་ནོ། ། [1747]
- language:
- Tibetan
3. Negi Tibetan-Sanskrit Dictionary
buddharatnam — སངས་རྒྱས་རིན་ཆེན་ཟ་མ་ཏོག༎ buddharatnakaraṇḍakam he.ta.16kha/52.
- language:
- Sanskrit