- sangs rgyas rin chen rgyal mtshan dpal bzang po
- ID:
- T245922
- སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ (Tibetan, Tibetan script, Original)
- > sangs rgyas rin chen rgyal mtshan dpal bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > sangye rinchen gyaltsen palzangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྙིང་མའི་བླ་ཆེན་འདི་ཉིད་གཙང་རྟ་ནག་གནས་གསར་དུ་རབ་བྱུང་དྲུག་པའི་ལྕགས་སྟག༡༣༥༠ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ལ་རིན་པོ་ཆེ་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན་ནས་གསང་བ་སྙིང་པོའི་རྒྱུད་ལ་ལེགས་པར་གསན་ཏེ་ཐུགས་སུ་ཆུད། ཡབ་ཀྱིས་ཆོ་ག་འཕྲིན་ལས་རྣམས་ཞིབ་པར་བསླབས་པས། དགུང་ལོ་བཅུ་བཞི་བཞེས་པ་ན་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང་། དེ་ནས་ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་གསན་ཏེ་ཐུགས་སུ་ལེགས་པར་ཆུད་རྗེས་རབ་བྱུང་མཛད་མཚན་ཉིད་སོགས་ལ་སྦྱོང་བའི་ཐུགས་འཁྲུངས་ཀྱང་ཡབ་ཀྱི་བཀའ་དོར་མ་ནུས་པར་དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་ཇོ་མོ་བཞེས་ཏེ་སྲས་སྲས་མང་དུ་བྱུང་། དགུང་ལོ་ང་དྲུག་བཞེས་པ་ན་ཆོས་འཁོར་སྒང་དུ་ཚིག་རྫོགས་མཛད་དེ་སྐུ་ཤིན་ཏུ་བཙུན་པར་བཞུགས། རྗེ་འདི་ཉིད་སྒྱུ་འཕྲུལ་ལ་ཤིན་ཏུ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོའི་རྒྱུད་ལ་ཊཱིཀ་ཆེ་བ་གཅིག་དང་། ལས་རྣམ་པར་བཀོད་པ་ལ་ཡང་རྣམ་བཤད་ཆེན་པོ་ཞིག་མཛད། གསང་སྔགས་རྙིང་མའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ། དགུང་ལོ་དོན་གཉིས་པ་ལྕགས་གླང༡༤༢༡ལོར་དབུས་སུ་ཕེབས། ཆུ་སྟག༡༤༢༢ལོར་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ལ་གཏུགས་པས། འདུས་པ་མདོའི་དབང་ལ་སོགས་པའི་དབང་མང་པོ་དང་། གསང་སྙང་ལ་སོགས་པའི་བཤད་པ་དང་ལུང་མང་དུ་མཛད་དེ་ཤིང་འབྲུག༡༤༢༤ལོར་གཙང་དུ་བྱོན། དགུང་ལོ་གྱ་གཉིས་ལ་ཕེབས་པ་རབ་བྱུང་བདུན་པའི་ལྕགས་ཕག༡༤༣༡ལོར་གཙང་དུ་སྐུ་གཤེགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1350 ལོར་རྟ་ནག་གནས་གསར་དུ་ཡབ་འཇམ་དབྱངས་བསམ་འགྲུབ་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1431 ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཞིག་རིན་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་སྤྱན་སྔར་བྱོན་ཏེ་དབང་དང་བྱིན་རླབས་མང་དུ་ཞུས། ཡབ་ལས་ཆོ་ག་འཕྲིན་ལས་རྣམས་ཀྱང་ལེགས་པར་བསླབས། དགུང་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང་། དེ་ནས་ཡབ་ཀྱི་བཀའ་ལྟར་ཇོ་མོ་མ་གཅིག་ཁབ་ཏུ་བཞེས་ཏེ་སྲས་ལྕམ་སྲིང་དྲུག་ཙམ་འཁྲུངས། དགུང་ལོ་ལྔ་བཅུ་རྩ་དྲུག་པར་ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད། ཁོང་སྒྱུ་འཕྲུལ་ལ་ཤིན་ཏུ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་ཐམ་པར་གསང་བ་སྙིང་པོའི་རྒྱུད་ལ་ཊི་ཀ་ཆེ་བ་གཅིག་དང་། ལམ་རྣམ་པར་བཀོད་པའི་རྣམ་བཤད་ཆེན་པོ་ཞིག་མཛད། དགུང་ལོ་བདུན་ཅུ་ཐམ་པར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། ཚེ་བདག་གི་དབང་། ཡང་དག་མེ་གཅིག་གི་དབང་། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་། སེམས་སྡེ་བ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་། རྟ་མགྲིན་རྣ་བོ་བའི་ལུགས་ཀྱི་རྗེས་གནང་བཅས་གཞན་ལ་གནང་པར་མཛད། སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་བ་མུན་པའི་གོ་ཆ་དང་། སྒྱུ་འཕྲུལ་བརྒྱད་ཅུ་པ། མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་བཅས་ཀྱི་སྟེང་ནས་སློབ་མའི་ཚོགས་ལ་ཁྲིད་པར་མཛད། དགུང་ལོ་བདུན་ཅུ་རྩ་གཉིས་པར་[1748]དབུས་སུ་ཕེབས་ཤིང་བསམ་གླིང་དུ་ཝང་གྲགས་པ་རྒྱལ་མཚན་བཅས་ལ་འདུས་པ་མདོའི་དབང་ལ་སོགས་པ་དབང་མང་པོ་དང་། གསང་སྙིང་ལ་སོགས་པའི་བཤད་པ་དང་ལུང་མང་དུ་གནང་པར་མཛད། དགུང་ལོ་བརྒྱད་ཅུ་རྩ་གཅིག་པར་ས་གཙང་དུ་ཕེབས་ཏེ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྒྱུ་འཕྲུལ་གཙོ་བོར་མཛད་པའི་གསང་སྔགས་སྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན་ནོ། །
- language:
- Tibetan