- se ba rus
- ID:
- T246053
- སེ་བ་རུས (Tibetan, Tibetan script, Original)
- > se ba rus (Tibetan, Latin script, Transliteration-THL Extended Wylie Transliteration)
- > sewa rü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
པུས་མོའི་ཚིགས་སྟེང་དུ་གནས་པའི་རུས་པ་ལྷ་ངའི་མིང་དུ་བཞེད་པ་ཞིག་དང་། དཔྱིའི་འཁོར་མིག་ཏུ་གནས་པའི་རུས་པ་ཨོ་ཐོ་རིལ་བུའི་མིང་དུ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། པུས་མོའི་དབུས་སྐུ་སེ་བ་རུས། ཞེས་གསུངས་པ་དང་། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ། འབྲི་གུང་ཚེ་དབང་བརྟན་པས་མཛད་པའི་རྒྱུད་བཞིའི་དཀའ་མཆན། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཕན་བདེའི་དོ་ཤལ་བཅས་སུ་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་མཐུན་པར་པུས་མོའི་ལྷ་ང་རུས་པ་དོན་གྲུབ་བམ་འགྲངས་སམ་ལྟོག་ཅེས་པ་དེའི་མིང་དུ་བཞེད་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། སེ་བ་རུས་ནི་དཔྱི་མིག་དང་འཕྲད་པའི་ཨོ་ཐོ་རིལ་བུ་ཟེར། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུའི་མཛེས་རྒྱན་དུ། ཕོ་མོ་སྤྲད་དང་སེ་བ་རུས་ཞེས་པ་མིང་གི་རྣམ་གྲངས་ལ་བཞེད་དེ་ངོ་བོ་ཤེལ་ཕྲེང་དང་མཐུན་པར་གསུངས། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས།སེ་བ་རུས་ནི་བརླ་རྐང་གི་ཡང་སྣེ་དཔྱིའི་འཁོར་མིག་དང་འཕྲད་པའི་རུས་པ་སེ་བའི་འབྲས་བུ་ལྟར་རིལ་པོར་ཡོད་པ་དེའི་མིང་ཡིན་ཞིང་། རུས་པ་དེ་ལ་ཆུ་འགགས་འབིགས་པའི་ནུས་པ་ཡང་ལྡན་པས་གཞན་ལ་ངོས་འཛིན་པ་ནི་རྣམ་པར་འཁྱམས་པའོ། ཞེས་གསུངས་པ་ལྟར་དང་། གཞན་ཡང་ཕྱི་མ་རྒྱུད་ཀྱི་རིལ་བུའི་ལེའུར། ལུག་རིལ་ཙམ་དང་སེ་བ་རུས་ཙམ་བྱ། ཞེས་རིལ་བུའི་ཚད་གསུངས་པའང་མཆིས་པས་སླད་དཔྱོད་ལྡན་ལྡན་དག་གིས་དཔྱོད་ཅིག
- language:
- Tibetan