- gser kong ngag dbang tshul khrims don ldan
- ID:
- T246661
- གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན (Tibetan, Tibetan script, Original)
- > gser kong ngag dbang tshul khrims don ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ser kong ngawang tsultrim dönden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་ཡབ་གཞིས་གཡུ་ཐོག་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་(༡༨༥༦)ལོར་འཁྲུངས། མཚན་ཡེ་ཤེས་འབར་ཞེས་གསོལ། ཆུང་ངུའི་དུས་སྐུ་གཟུགས་གཅོང་བ་དང་། དགུང་ལོ་བཅུ་ལ་ཕེབས་སྐབས་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུ་བསྟེན་ནས་སློབ་གཉེར་མཛད། དེ་ནས་དགའ་ལྡན་བྱང་རྩེ་གྲཱ་ཚང་ཁོངས་གསེར་ཀོང་ཁང་ཚན་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་གནང་། རྗེ་གསེར་ཁང་པ་དང་། ཁྲི་ངག་དབང་ནོར་བུ། ཡོངས་འཛིན་བློ་བཟང་བསྟན་འཛིན། རོང་པོ་པཎྜི་ཏ་དགེ་འདུན་རྒྱ་མཚོ། མཁས་དབང་ཀ་ས་ལྷ་རམས་པ། བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་རྣམས་གསན། དགུང་ལོ་ཉེར་བཞི་ལ་ལྷ་རམས་པའི་དམ་བཅའ་མཛད། ཁྲི་ཆེན་རིན་པོ་ཆེས་རྗེ་འདི་སྐུ་ཚེ་རིང་བ་དང་། སྒྲུབ་པ་ལམ་་ལྷོངས་པ། བསྟན་འགྲོའི་དོན་རྒྱ་ཆེན་པི་འགྲུབ་པའི་དགོས་དུ་མའི་ཆེད་རིག་མ་བསྟེན་དགོས་པའི་སྐོར་ལན་མང་གསུངས་པས་མཐར་བཀའ་བཞིན་བསྒྲུབས། སྐབས་དེར་སྐྱེ་བོ་དུ་མས་འཕྲ་སྨོད་སྣ་ཚོགས་བྱས་སྟབས་ཆོས་རྣམ་དག་ཅིག་བྱ་རྒྱུའི་ རྐྱེན་དུ་གྱུར་ཏེ་ཕྱག་རྫས་དང་། ཁྱིམ་གཞིས་སོགས་གང་ལ་མ་ཆགས་པར་དབེན་གནས་སུ་བྱ་བྲལ་ལ་གཤེགས། ལོ་ཤས་སོང་རྗེས་གྲུབ་པའི་རྟགས་མངོན་སུམ་ཐོན་ནས་མཚན་ཆེར་གྱུར། དགུང་ལོ་བཞི་བཅུའི་ནང་འབྲུག་ཡུལ་དང་། མོན་བཅས་པར་གདན་ཞུས་ཀྱིས་ཕེབས་ནས་བསྟན་པའི་དོན་རྒྱ་ཆེན་པོ་བསྒྲུབས། ལྷ་སར་མདོ་སྔགས་ཆོས་མང་དུ་བསྩལ། དགུང་ལོ་རེ་གསུམ་ཐོག་པན་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནས་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་ཕར་ཚུར་ཆོས་ཆོས་བཀའ་གསན་རེས་གནང་། བཀའ་རྩོམ་ལ་མཚོན་ན།《དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བུམ་དྲུག་དང་དབང་བཞི་ལེན་ཚུལ་ཉེས་ལྟུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་》《བདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་》སོགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྟེང་ནས་གསོག་ཚུལ་དངོས་གྲུབ་ཀུན་འབྱུང་སོགས་པོད་ཆུང་གཅིག་ཙམ་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ས་རྟ་(༡༩༡༨)ལོར་གཞིས་ཀ་རྩེར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་ཡབ་གཞིས་གཡུ་ཐོག་པའི་སྲས་སུ་རབ་བྱུང་བཞི་པའི་མེ་འབྲུག༡༨༥༦ལོར་འཁྲུངས། མཚན་ཡེ་ཤེས་འབར་ཞེས་གསོལ། ཆུང་ངུའི་དུས་སྐུ་གཟུགས་གཅོང་བ་དང་། དགུང་ལོ་བཅུ་ལ་ཕེབས་སྐབས་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུ་བསྟེན་ནས་སློབ་གཉེར་མཛད། དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་ཁོངས་གསེར་ཀོང་ཁང་ཚན་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་གནང་། རྗེ་གསེར་ཁང་དང་། ཁྲི་ངག་དབང་ནོར་བུ། ཡོངས་འཛིན་བློ་བཟང་བསྟན་འཛིན། རོང་པོ་པཎྜི་ཏ་དགེ་འདུན་རྒྱ་མཚོ། མཁས་དབང་ཀ་ས་ལྷ་རམས་པ། བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་རྣམས་གསན། དགུང་ལོ་རེ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ས་རྟ (༡༩༡༨ལོར་གཞིས་ཀ་རྩེར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1856 ལོར་ལྷ་ས་གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡབ་གཞིས་གཡུ་ཐོག་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1918 ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མཚན་ལ་ཡེ་ཤེས་འབར་ཞེས་ཞུའོ། དགུང་ལོ་བཅུ་པར་དགའ་ལྡན་ཁྲི་ཆེན་ངག་དབང་ནོར་བུར་བསྟེན་ནས་སློབ་གཉེར་མཛད་ཅིང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་། ཡོངས་འཛིན་བློ་བཟང་བསྟན་འཛིན། རོང་པོ་དགེ་འདུན་རྒྱ་མཚོ། བྱང་རྩེ་ཆོས་རྗེ་བསྟན་འཛིན་རབ་རྒྱས་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། དགུང་ལོ་ཉེར་བཞི་པར་ལྷ་རམས་པའི་དམ་བཅའ་མཛད། དེ་ནས་ཁྲི་ཆེན་ངག་དབང་ནོར་བུས་བཀའ་ལྟར་རིག་མ་འཛིན་ཡང་སྐྱེ་བོ་མང་པོས་འཕྱ་སྨོད་སྣ་ཚོགས་པར་བརྟེན་ཆོས་རྣམ་དག་ཅིག་བྱ་རྒྱུའི་མཐུན་རྐྱེན་དུ་གྱུར་ཏེ་ཕྱག་རྫས་དང་ཁྱིམ་གཞིས་གང་ལ་མ་ཆགས་པར་དབེན་པའི་རི་ཁྲོད་འགྲིམས་ནས་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་མངོན་དུ་གྱུར་ཏེ་བྱ་བྲལ་བ་ཆེན་པོར་གྱུར། དགུང་ལོ་བཞི་བཅུ་ཐམ་པར་འབྲུག་ཡུལ་དང་མོན་ཡུལ་སོགས་ནས་གདན་འདྲེན་ཞུས་པ་ལྟར་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་བསྒྲུབས་ཤིང་རྒྱལ་ཁམས་ཆོས་ལ་བསྒྱུར། [1810] དགུང་ལོ་བཞི་བཅུ་ཞེ་དགུ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1904 ལོར་དབྱིན་ཇིའི་བཙན་འཛུལ་དམག་ལྷ་སར་སླེབས་སྐབས་རྒོལ་ལན་ཚ་དྲག་པོ་སྤྲད་ཅིང་སེར་སྐྱ་མང་ཚོགས་རྣམས་ལ་རྒྱལ་གཅེས་བསམ་བློ་དྲིལ་བསྒྲགས་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་བཀྲ་ཤིས་ལྷུན་པོར་གདན་འདྲེན་ཞུས་ཏེ་ཕན་ཚུན་བཀའ་ཆོས་གསན་རེས་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བུམ་སྒྲུབ་དང་དབང་བཞི་ལེན་ཚུལ་ཉེས་ལྟུང་དག་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན》དང་། 《བདེ་མཆོག་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མའི་ཆོ་ག་དངོས་གྲུབ་གཏེར་མཛོད》བཅས་ཆོས་ཚན་བཅོ་ལྔ་ལོངས་པའི་པོད་གཅིག་བཞུགས་སོ། །
- language:
- Tibetan