- gso thabs lag len sum brgya drug cu
- ID:
- T246717
- གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ (Tibetan, Tibetan script, Original)
- > gso thabs lag len sum brgya drug cu (Tibetan, Latin script, Transliteration-THL Extended Wylie Transliteration)
- > so tab laklen sumgya drukchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་པས་ནད་གསོ་བའི་ཐབས་ཀྱི་ལག་ལེན་མི་འདྲ་བ་སུམ་བརྒྱ་དྲུག་ཅུའི་རྣམ་གཞག་ལ་སྔོན་བྱོན་མཁས་པས་བཞེད་སྲོལ་མི་འདྲ་བ་མང་དུ་མཆིས་པས་དེ་དག་རྣམས་ཀྱི་ནང་ནས་མཁས་དབང་མཁྱེན་རབ་ནོར་བུས་མཛད་པའི་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་རིན་ཆེན་ལྡེའུ་མིག་ཅེས་པ་དེ་ཚིག་ཉུང་ཞིང་དོན་ཚང་བར་མཆིས་པས་འདིར་འགོད་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ། གསུམ་པ་ཇི་ལྟར་གསོ་བའི་ཐབས་དེ་ལ་ཡང་། རྒྱས་བསྡུས་འབྲིང་གསུམ་ལས། རྒྱས་པར་ཕྱེ་ན་བརྟག་ཐབས་རྩ་ཆུ་གལ་འགག་གསུམ་གྱི་ཐོག་མར་རྩ་ལ་སྤྱི་དོན་བཅུ་གསུམ་ཡོད་པའི་སྔོན་འགྲོ་ལྔ་ལ་ལག་ལེན་རེ་རེ། དངོས་གཞི་བརྒྱད་ཀྱི་དང་པོ་ཐ་མལ་པ་ལ་བརྟག་པའི་རྩ་རྒྱུད་གསུམ། གཉིས་པ་ལས་དུས་དོན་ཁམས་སྦྱོར་བ་དང་། སྐོར་འགོ་དགྲ་གྲོགས་བརྩི་བ་གཉིས། གསུམ་པ་ལ་ངོ་མཚར་གྱི་རྩ་བདུན། བཞི་པ་ནད་མེད་ཀྱི་རྩ་གཅིག ལྔ་པ་སྤྱི་བྱེ་བྲག་གསུམ། དྲུག་པ་ལ་འཆི་རྩ་གསུམ། བདུན་པ་ལ་གདོན་རྩ་བརྟག་པ་དང་། རིམ་གྲོ་འབོགས་པ་གཉིས། བརྒྱད་པ་ལ་ཚེ་རྩ་བརྟག་པ་གཅིག་སྟེ་ཉེར་བདུན། གཉིས་པ་ཆུ་ལ་སྤྱི་དོན་བརྒྱད་ཡོད་པའི་དང་པོ་སྔོན་འགྲོ་ལྔ་ལ་ལག་ལེན་རེ་རེ། དྲུག་པ་བརྟག་པའི་དུས་གསུམ་བརྟག་ཚུལ་དགུ། སྤྱི་བྱེ་བྲག་གཉིས་ཏེ་བཅུ་བཞི། བདུན་པ་བརྒྱད་པ་གཉིས་ལ་རེ་རེ་སྟེ་ཉེར་གཅིག གསུམ་པ་འཁྲུལ་སོ་རྩ་བའི་བཞི་ལ་ནད་གཞི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ་བ་སོགས་དྲུག་སྦྱར་བ་ཉེར་བཞི། རྒྱུ་རྐྱེན་ཡུལ་དུས་སོགས་བརྟག་པའི་ཐབས་བཅུ་སྟེ་སོ་བཞི། གཉིས་པ་གསོ་ཚུལ་གྱིས་ཇི་ལྟར་གསོ་བ་ལ་གསུམ། གང་གི་གསོ་བ་ལ་བཞི། སོས་པའི་ཚད་ལ་གསུམ་སྟེ་སྤྱིའི་གསོ་ཚུལ་བཅུ། མ་ཞུ་བ་ལ་གཉིས། རང་རྒྱུད་པའི་གསུམ། གཞན་རྒྱུད་པའི་གཅིག་སྟེ་བྱེ་བྲག་གསོ་ཚུལ་དྲུག ཁྱད་པར་གྱི་གསོ་ཚུལ་དགུའི་དང་པོ་ལ། སད་མདའ། གཉེར་པོ་ཁ་དམར་གསུམ། གཉིས་པ་ལ་བཞི། གསུམ་པ་ལ་དྲུག བཞི་པ་ལ་གསུམ། ལྔ་པ་ལ་གཉིས། དྲུག་པ་ལ་བཞི། བདུན་པ་ལ་གཉིས། བརྒྱད་པ་ལ་ལྔ། དགུ་པ་ལ་གཉིས་ཏེ་གསོ་ཚུལ་ཀུན་བསྡོམས་པས་ལག་ལེན་ཞེ་བདུན། གསུམ་པ་གསོ་ཐབས་ལག་ལེན་བཅོ་བརྒྱད་ཡོད་པའི་དང་པོ་སྡེ་ཚན་ལྔ་ལས། ཐང་ལ་གདུས་ཐང་གྲུང་ཐང་གཉིས། ཚ་གྲང་དྲོད་འཇམ་གྱི་ལག་ལེན་གསུམ་སྟེ་ལྔ། ཕྱེ་མ་ལ་ཐུན་ཚད་ཡོད་མེད་གཉིས། བརྡུང་ཚུལ་བཞི། སྨན་རྟ་གཉིས། འཕུལ་བྱེད་གཉིས། གཏོང་དུས་བཅས་བཅུ་གཅིག རིལ་བུ་ལ་འཐག་ལུགས་གཉིས། བསྒྲིལ་ལུགས་གཉིས་གཏོང་དུས་དང་ལྔ། ལྡེ་གུ་ལ་སྦྱོར་ལུགས་གཏོང་ལུགས་གཉིས། སྨན་མར་ལ་སྦྱོར་ལུགས་གཏོང་ལུགས་གཉིས། ཐལ་སྨན་ལ་སྤྱིའི་ལག་ལེན་གཅིག་དང་། བྱེ་བྲག་ཅོང་ཞི་སོགས་བསྲེག་ལུགས་མི་འདྲ་བ་བརྒྱད། ཁཎྜ་ལ་འཚོད་ལུགས་གཅིག སྨན་ཆང་དང་སྦྲང་ཆང་སོགས་འཆོས་ལུགས་མི་འདྲ་བ་ལྔ། རིན་པོ་ཆེ་ལ་སྦྱོར་ལུགས་གཅིག བསྟེན་ཐབས་དགུ་དང་། ལོག་གནོན་གཅིག་སྟེ་བཅུ་གཅིག སྔོན་སྦྱོར་ལ་ཡན་ལག་བདུན་ཏེ་ཞི་བྱེད་ཀུན་བསྡོམས་པའི་ལག་ལེན་ལ་ལྔ་བཅུ་རྩ་བདུན། དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད་ཅེས་པའི་བསྡུ་ལུགས་ནི། ཐལ་སྨན་ནི་ཕྱེ་མ། ཁཎྜ་ནི་ལྡེ་གུ་སྨན་ཆང་ནི་ཐང་། རིན་པོ་ཆེ་ནི་རིལ་བུ། སྔོན་སྦྱོར་དུ་ཐང་ཕྱེ་སོགས་གང་བཤད་ཀྱང་དེ་དང་དེར་བསྡུ་དགོས་ཏེ་སྡེ་ཚན་ཇི་ཙམ་ཕྱེ་ཡང་། ལག་ལེན་དུ་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔར་མ་འདུས་པའི་སྦྱོར་བ་མེད་དོ། །གཉིས་པ་སྦྱོང་བྱེད་ལ་བདུན་གྱི་སྣུམ་འཆོས་ལ་རུང་མི་རུང་གཉིས། བསྟེན་ཐབས་གཉིས། ལེགས་ཉེས་ལོག་གནོན་གསུམ་སྟེ་བདུན། བཤལ་ལ་རུང་མི་རུང་གཉིས། རན་མི་རན་གཉིས། ཐུབ་མི་ཐུབ་གཉིས་དང་དྲུག སྔོན་འགྲོ་ཉེ་རིང་སོགས་གསུམ། སྣ་སེལ་དེད་དཔོན། ཁཎྜ། ཁ་འཛིན། གནད་ཀྱི་མན་ངག་གཏོང་ཚུལ། ལྕག རླུང་གནོན་རྣམས་ལ་རེ་རེ་སྟེ་དགུ འདོན་ཚད་གསུམ། ལོག་གནོན་བཞི། བྱ་ར་བ་ལྔ། རྗེས་གཅོད་སྤྱི་བྱེ་བྲག་གསུམ། སྐྱོན་གཉིས། ཡོན་ཏན་གཅིག་སྟེ་སོ་དྲུག སྐྱུག་ལ་རུང་མི་རུང་གཉིས། སྦྱོར་བའི་སྔོན་འགྲོ་ཉེ་རིང་གསུམ། སྔོན་འགྲོ་མི་དགོས་པ་གཅིག སྦྱར་ཐབས་ལ་དངོས་གཞི་ལ་འཛིན་གཉིས། གཏོང་ཚུལ། ལྕག འདོན་ཚད་རྣམས་རེ་རེ་ལོག་གནོན་ལྔ། རྗེས་གཅོད་གསུམ། ཕན་ཡོན་གཅིག་སྟེ་ཉི་ཤུ། སྣ་སྨན་ལ་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་བཏང་ཐབས་རེ་རེ་སྟེ་ལྔ། སྣ་སྦྱོང་རུང་མི་རུང་གཉིས། སྦྱར་ཐབས་ཕན་ཡོན་བཏང་ཐབས་ལོག་གནོན་ཏེ་དྲུག འཇམ་རྩི་རུང་མི་རུང་གཉིས། སྦྱོར་བ་ལ་གསུམ། བཏང་ཐབས་དང་། གཏོང་ལུགས་ཕན་ཡོན་ཉེས་དམིགས་རྣམས་རེ་རེ་སྟེ་དགུ། ནི་རུ་ཧ་ལ་རུང་མི་རུང་གཉིས། སྦྱོར་བ་གསུམ། ཕན་ཡོན་གཉིས། བཏང་ཐབས་གཅིག ཐེབས་མ་ཐེབས་གཉིས། ལྕག་གཅིག་སྟེ་བཅུ་གཅིག རྩ་སྦྱོང་ལ་སྔོན་འགྲོ་ཉེ་རིང་གཉིས། སྣ་སེལ། མདུང་སྨན། བྱང་པ། སྦྱར་ཚད། སྣ་ཁྲིད། བཏང་ཐབས། ཐིབས་རྟགས། ལྕག་རྣམས་ལ་རེ་རེ། ལོག་གནོན་དྲུག རྗེས་གཅོད་ཕན་ཡོན་རེ་དང་བཅས་བཅོ་བརྒྱད་དེ། དེ་ལྟར་སྦྱོང་བྱེད་དྲུག སྤྱིའི་སྔོན་འགྲོ་སྣུམ་འཆོས་དང་བདུན་ཀ་བསྒྲིལ་བའི་ལག་ལེན་ལ་བརྒྱ་དང་བཅུ་གཉིས། གསུམ་པ་དཔྱད་ལ་དྲུག་ཡོད་པའི་གཏར་ག་ལ་ཆ་དཔྱད་བརྟག་པ་གཅིག རུང་མི་རུང་གཉིས། སྔོན་འགྲོ་རྣམས་གཉིས་གཉིས། དུས་ཚོད་ལ་གསུམ། དངོས་གཞི་བསྙལ་ཐབས་དང་གདབ་ཐབས་ལ་རེ་རེ། གདབ་དམིགས་ལ་རྒྱས་བསྡུས་གཉིས། དམིགས་བསལ་ཁྲག་པྲ། དབྱུང་ཚད་རྣམས་ལ་རེ་རེ། ལོག་གནོན་དྲུག སྐྱོན་བཞི། ཡོན་ཏན་གཅིག་སྟེ་ཉེར་བརྒྱད། བསྲེག་པ་ལ་སྤྲ་བའི་ཆོ་ག་གཉིས། རུང་མི་རུང་གཉིས། གདབ་ཐབས་བཞི། རྗེས་དང་ཕན་ཡོན་གཉིས་ཏེ་བཅུ། དུགས་ལ་རུང་མི་རུང་གཉིས། བྱ་ཐབས་ལ་བསིལ་དྲོད་གཉིས། ཕན་ཡོན་གཅིག་སྟེ་ལྔ། ལུམས་ལ་རུང་མི་རུང་གཉིས། བྱ་ཐབས་གཉིས། ཕན་ཡོན་གཅིག་སྟེ་ལྔ། བྱུག་པ་ལ་རུང་མི་རུང་གཉིས། བྱ་ཐབས་དང་ཕན་ཡོན་གཉིས་རེ་བཞི། ཐུར་མ་ལ་རུང་མི་རུང་གཉིས། ཆ་བྱད་གཅིག གསང་ལ་སྤྱི་བྱེ་བྲག་གཉིས། དབྱེ་བ་གཉིས། ཆོ་ག་གཅིག བརྡེག་ཐབས་ལ་གཉིས། ལག་ཚོད་གཉིས། འཆི་ལྟས་གཅིག ལོག་པ་གཉིས། ཕན་ཡོན་གཅིག་སྟེ་བཅུ་དྲུག དཔྱད་ཀུན་བསྡོམས་པ་ལ་དྲུག་ཅུ་རེ་བརྒྱད་དེ་ཁྱོན་གསོ་ཐབས་ཀྱི་ལག་ལེན་སུམ་བརྒྱ་དང་དྲུག་ཅུ་རེ་དྲུག་པོ་ཚིག་བཅད་དབང་གིས་ཤུགས་སུ་གོ་དགོས་སོ། ཞེས་གསུངས་པ་ལྟར་རོ།།
- language:
- Tibetan