- bse ngag dbang bkra shis
- ID:
- T246841
- བསེ་ངག་དབང་བཀྲ་ཤིས (Tibetan, Tibetan script, Original)
- > bse ngag dbang bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
- > sé ngawang tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་རེབ་ཀོང་བསེའི་ཉ་ལུང་ཞེས་པར་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ་(༡༥༧༨)ལོར་འཁྲུངས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དངོས་སློབ་མགར་གོང་ཚེ་བརྟན་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ནས་མཚན་སྦྱིན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་དྲུག་ལ་ཡུལ་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། སློབ་དཔོན་དོན་གྲུབ་རྒྱལ་མཚན་དང་། འཇམ་དབྱངས་བཞད་པ། འོད་ཟེར་རྒྱ་མཚོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་བསམ་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུར་དཀའ་བཅུའི་མཚན་བཏགས་ཀྱང་བཞེས། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་གནང་ནས་མཚན་ངག་དབང་བཀྲ་ཤིས་ཞེས་གསོལ། དགུང་ལོ་ཉེར་བརྒྱད་པར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས། དགུང་ལོ་སོ་གཉིས་པར་ཀུན་མཁྱེན་འཇམ་བཞད་ཀྱི་ཞབས་ཕྱིར་མདོ་སྨད་དུ་ཕྱིར་ཕེབས། དགུང་ལོ་སོ་གསུམ་ལོ་ནས་ལོ་དགུའི་རིང་དགོན་པའི་དགེ་སྐོས་མཛད་ནས་འདུལ་ཁྲིམས་ཀུན་སྤྱོད་དམ་འཛིན་གནང་། དགུང་ལོ་ཞེ་གཉིས་ནས་ལོ་ཉི་ཤུའི་རིང་བཀྲ་ཤིས་འཁྱིལ་གྱི་གདན་རབས་གཉིས་པའི་ཁྲི་ལ་ཕེབས། ཕྱག་རྩོམ་ལ་མཚོན་ན།《ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ་》《བསམ་གཟུགས་ཀྱི་མཐའ་དཔྱོད་ལེགས་བཤད་མཛོད་ཀྱི་སྒོ་འབྱེད་》《རྟེན་འབྲེལ་གྱི་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ་》《འཕྲིན་ལས་རྣམ་གཞག་》སོགས་པོད་གཅིག་ཙམ་མཛད། དགུང་ལོ་རེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་(༡༧༣༨)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མདོ་སྨད་རེབ་ཀོང་བསེའི་ཉ་ལུང་ཞེས་པར་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ༡༦༧༨ལོར་འཁྲུངས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དངོས་སློབ་མགར་གོང་ཚེ་བརྟན་རྒྱ་མཚོའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ནས་མཚན་སྦྱིན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་དྲུག་ལ་ཡུལ་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། སློབ་དཔོན་དོན་གྲུབ་རྒྱ་མཚོ་དང་། འཇམ་དབྱངས་བཞད་པ། འོད་ཟེར་རྒྱ་མཚོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་བསམ་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུར་དཀའ་བཅུའི་མཚན་བཏགས་ཀྱང་བཞེས། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་བསྙེན་རྫོགས་ཀྱིས་སྡོམ་པ་གནང་ནས་མཚན་ངག་དབང་བཀྲ་ཤིས་ཞེས་གསོལ། དགུང་ལོ་ཉེར་བརྒྱད་པར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས། དགུང་ལོ་སོ་གཉིས་པར་ཀུན་མཁྱེན་འཇམ་བཞད་ཀྱི་ཞབས་ཕྱིར་མདོ་སྨད་དུ་ཕྱིར་ཕེབས། དགུང་ལོ་སོ་གསུམ་ལོ་ནས་ལོ་དགུའི་རིང་དགོན་པའི་དགེ་སྐོས་མཛད་ནས་འདུལ་ཁྲིམས་ཀུན་སྤྱོད་དམ་འཛིན་གནང་། དགུང་ལོ་ཞེ་གཉིས་ནས་ལོ་ཉི་ཤུའི་རིང་བཀྲ་ཤིས་འཁྱིལ་གྱི་གདན་རབས་གཉིས་པའི་ཁྲི་ལ་ཕེབས། ཕྱག་རྩོམ་ལ་མཚོན་ན།ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ》བསམ་གཟུགས་ཀྱི་མཐའ་དཔྱོད་ལེགས་བཤད་མཛོད་ཀྱི་སྒོ་འབྱེད》 རྟེན་འབྲེལ་གྱི་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ》 འཕྲིན་ལས་ཀྱི་རྣམ་བཞག》སོགས་པོད་གཅིག་ཙམ་མཛད། དགུང་ལོ་རེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་རྟ༡༧༣༨ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1678 ལོར་མདོ་སྨད་རེབ་སྐོང་གི་བསེའི་ཉ་ལུང་དུ་ཡབ་རིན་ཆེན་སྐྱབས་དང་། ཡུམ་སྙིང་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1738 ལོར་སྐུ་གཤེགས། ཁོང་མགར་གོང་ཚེ་བརྟན་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་མཚན་ལ་སྦྱིན་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་དྲུག་པར་[1820]དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་དཔོན་སློབ་དོན་གྲུབ་རྒྱ་མཚོ་ལས་བསྡུས་གྲྭ་སྦྱངས། དགུང་ལོ་བཅུ་བདུན་པར་སྟག་ཚང་རྭ་སྟོད་དུ་ཕེབས་ནས་བསྡུས་ཚན་རེ་རེ་བཞིན་ཞིབ་ཏུ་སྦྱངས་པས་བློ་གསལ་བྱེ་བའི་དབུས་ན་ལུང་རིགས་སྨྲ་བ་ལ་འགྲན་ཟླ་མེད་པའི་གོ་འཕང་བརྙེས། སླར་འབྲས་སྒོ་མང་དུ་ཕེབས་ཏེ་དཔོན་སློབ་འོད་ཟེར་རྒྱ་མཚོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད། གསང་ཕུར་གྲྭ་སྐོར་མཛད་དེ་དཀའ་བཅུ་པའི་མཚན་བཏགས་བཞེས། ཀུན་མཁྱེན་འཇམ་བཞད་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་པར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་སོགས་ལ་བསྟེན་ནས་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ཕྱག་ལེན་དང་བཅས་པར་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1710 ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞབས་ཕྱིར་མདོ་སྨད་དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གསར་འདེབས་སྐབས་སུ་དགེ་བསྐོས་མཛད། ལོ་དེའི་སྟོན་ཀ་ཀུན་མཁྱེན་བླ་མའི་བཀའ་ལྟར་གདན་སའི་ཁྲི་ལ་བཞུགས་ནས་ལོ་ཉེར་དགུའི་རིང་དུ་གདན་ས་བསྐྱངས། དགོན་པའི་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་བཅས་ལ་དགེ་འདུན་མང་ཚོགས་ཐུགས་ཚིམས་པའི་དོ་དམ་གང་ལེགས་མཛད། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་རེ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བསེ་ཚང་གི་སྐུ་ཕྲེང་དང་པོ་ཡིན་ལ། [1821] བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་གཉིས་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་འགྱང་རོ་སྤྲུལ་སྐུ་ངག་དབང་བསྟན་འཛིན་དང་། གསེར་ཁང་བ་བསོད་ནམས་རྒྱ་མཚོ། རྐང་ཚ་ངག་དབང་མཁྱེན་རབ། དབལ་མང་བློ་བཟང་དོན་གྲུབ། གླིང་དོན་གྲུབ་རྒྱ་མཚོ། རྔ་བ་རབ་བརྟན་རྒྱ་མཚོ། རྔ་བ་ཆོས་སྐྱོང་རྒྱ་མཚོ། འབེ་བསྟན་འཛིན་རྒྱ་མཚོ། རྔ་བ་གོ་ཐོབ། རབ་འབྱམས་པ་ཀུན་དཔའ་བཀྲ་ཤིས། རབ་འབྱམས་པ་ངག་དབང་བསོད་ནམས་བཅས་ཡིན། ཁོང་གི་གསུང་རྩོམ་ནི《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན》དང་། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ》། 《རྟེན་འབྲེལ་ཆེན་མོ》། 《དགེ་འདུན་ཉི་ཤུ་རྒྱས་བསྡུས》གཉིས། 《བསམ་གཟུགས་མཐའ་དཔྱོད》། 《གསང་རྣམ་འོག་མིན་མ》། 《གསང་རྣམ་འོག་མིན་མ་མཆན་ཅན》བཅས་བཞུགས་སོ། །
- language:
- Tibetan