- bsod nams dpal 'byor
- ID:
- T246856
- བསོད་ནམས་དཔལ་འབྱོར (Tibetan, Tibetan script, Original)
- > bsod nams dpal 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
- > sönam paljor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཁས་དབང་བསོད་ནམས་དཔལ་འབྱོར་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་(༡༩༣༢)ལོའི་ཟླ་བ་དང་༡༢པར་ལྷ་ལྡན་དུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ཙམ་ལ་ལྷ་ལྡན་གཡུ་ཐོག་བཙན་ཁང་སྒེར་གཉེར་སློབ་གྲྭར་ཡི་གེའི་འབྲི་ཀློག་དག་ཡིག། ལེགས་བཤད་ཞ གཞུང་ཡིག་འབྲི་སྟངས། རྩིས་སོགས་ཀྱི་རྨང་གཞིའི་རིག་གནས་ཀྱི་སློབ་གཉེར་མཛད། དེ་ནས་ལོ་བཞི་ཙམ་རིང་ལ་གང་དེའི་ཡབ་ཀྱི་ཕྱག་ཕྱིར་འབྲངས་ནས་ཆབ་མདོ་དང་ཆུ་ཤུལ་སོགས་སུ་བཤེས་གཉེན་ཟུར་བསྟེན་གྱིས་ཡིག་རྩིས་ཀྱི་སྦྱངས་པ་མ་ཆད་པར་བསྐྱངས། དགུང་ལོ་བཅུ་དྲུག་བཟུང་ལྷ་ལྡན་རང་དུ་གངས་ལྗོངས་རིག་པའི་གནས་ལ་སྨྲ་བའི་ཁྱུ་མཆོག་སྨིན་གླིང་བློ་གྲོས་ཆོས་བཟང་དང་། རྡོ་རྗེ་རྒྱལ་པོ་སོགས་ཀྱི་ཞབས་པད་སྤྱི་བོར་བསྟེན་ནས་སུམ་རྟགས་སྙན་གསུམ་དང་། བོད་ཀྱི་གསོ་རིག་རྒྱལ་རབས་ཆོས་འབྱུང་། ཚད་མ་རིག་པ། མདོ་ཕྱོགས་གཞུང་ལུགས་སོགས་ལ་ཐོས་བསམ་རྒྱ་ཆེ་མཛད་ནས་མཁྱེན་པ་ཡངས་པ་གྱུར། རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་(༡༩༥༣)ལོར་དངོས་སུ་ཕྱག་ལས་ལ་བཞུགས་ནས་ཐོག་མར་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དགེ་རྒན་གནང་ཞིང་། དེའི་རིང་ལས་ཞོར་ལ་རྒྱ་ཡིག་དང་དེ་བཞིན་རྩིས་རིག། ས་ཁམས་རིག་པ་སོགས་རིག་གནས་གསར་པ་ལ་སྦྱངས་པ་མཛད། ས་ཕག་(༡༩༥༩)ལོར་པེ་ཅིང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། བོད་རང་སྐྱོང་ལྗོངས་མི་དམངས་དཔེ་སྐྲུན་ཁང་བཅས་སུ་ཡིག་སྒྱུར་རྩིས་ཞུས་དང་སློབ་གཞི་གསར་རྩོམ། དཔེ་སྐྲུན་རྩོམ་སྒྲིག་ལས་ཞོར་སློབ་ཁྲིད་སོགས་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ། ཕུལ་བྱུང་རིག་གནས་ཕན་ཚུན་སྤེལ་རེས་བཅས་ཀྱི་མཛད་པས་དུས་འདའ་བར་མཛད། ལོ་བཅུའི་གོད་ཆག་རིང་ཁོང་ཡང་ཤེས་རིག་གི་སྣེ་མོར་འཁོད་པའི་ཡོན་ཏན་རྣམས་དང་འདྲ་བར་མིང་མེད་མིང་འདོགས་སྣ་ཚོགས་ཀྱིས་མནར་བཅོས་ཆག་སྒོ་མི་ཟད་པ་བྱུང་མཐར་བོད་ལྗོངས་ཉིང་ཁྲི་ཁུལ་དུ་སློབ་སྦྱོང་འཛིན་གྲྭ་ཞེས་པར་བགྲང་བྱ་འགའ་བཞུགས།ས་ལུག(༡༩༧༩)ལོར་པེ་ཅིང་དུ་ཞབས་སོར་འཁོད་ནས་ཀྲུང་དབྱང་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་བུ་རིམ་པར་བོད་ཡིག་ཡིག་སྒྱུར་ཁང་གི་དབུ་འཛིན་དང་། ཅུས་ཀྲང་གཞོན་པ། ཏང་ཨུད་ཧྲུའུ་ཅི་སོགས་ཀྱི་གོ་གནས་བཞེད་ཅིང་། དེའི་རིང་ཞུས་ཆེན་ལོ་ཙཱ་བ་ཞེས་པའི་མཐོ་རིམ་ཤེས་ཡོན་གྱི་གོ་མིང་ཐོབ། རབ་བྱུང་བཅུ་བདུན་པའི་ལྕགས་ལུག་(༡༩༩༡)ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་སྤྱི་ཁྱབ་གཞོན་པའི་ཕུགས་འགན་བཞེས། སྔ་ཕྱིར་ཀྲུང་གོའི་རྩོམ་པ་པོའི་རིག་གཞུང་སློབ་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་རིག་གཞུང་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་ཡིག་སྒྱུར་མཁས་ཅན་ལྷན་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན། ཀྲུང་གོའི་ཚད་འབྱོལ་ཕོ་བྲང་དང་ཕྱི་རོལ་དགོན་སྡེ་བརྒྱད་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་ལས་འཛིན་སོགས་སྤྱི་ཚོགས་ཀྱི་ལས་སྣེ་བཞེས་ཡོད། ཁོང་གིས་སྤྱི་ཚོགས་ཚན་རིག་ཐད་ཕུལ་གནང་བའི་མཛད་རྗེས་ལ་གཟེངས་བསྟོད་ཞུ་ཆེད་དུ་ཆུ་བྱ་(༡༩༥༣)ལོར་སྲིད་གཞུང་ནས་དམིགས་བསལ་གསོལ་ཕོགས་འཕར་མ་ལག་འཁྱེར་གནང་ཡོད་པ་དང་ཁོང་གི་མཚན་སྔ་ཕྱིར་《ཀྲུང་གོའི་ཡིག་སྒྱུར་ཚིག་མཛོད་ཆེན་མོ་》དང་《ཀྲུང་གོའི་ཡིག་སྒྱུར་མཁས་པའི་ཚིག་མཛོད་》སོགས་ཀྱི་ནང་དུ་བཏུས་ཡོད། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། སྒྱུ་རྩལ། གསོ་རིག། སྐར་རྩིས། དམངས་སྲོལ་སོགས་ཀྱི་ཐད་ལ་ཞིབ་འཇུག་ནན་ཐབ་གནང་ནས་ཡིག་སྒྱུར་དང་། རྩོམ་འབྲི། རྩོམ་སྒྲིག་ཞུ་དག་བཅས་གནང་བའི་རྩོམ་དེབ་དང་སློབ་གཞི་བཅས་ཀྱི་ཡིག་འབྲུ་བྱེ་བ་ལས་འདས་པ་དང་དེའི་ནང་དཔྱད་རྩོམ་ལ་《བོད་སྐད་ཚད་ལྡན་ཅན་དུ་འགྱུར་རྒྱུའི་སྐོར་》《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ལོ་རྒྱུས་མདོར་བསྡུས་》སོགས་རིག་དཔྱད་ཁྱབ་ཁོངས་སུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་ལྗགས་རྩོམ་མཛད་པ་དང་། ཁོང་གིས་སྔ་ཕྱིར་འཇར་པན་དང་། ཨ་རི། དབྱི་ཌ་ལི། ནོར་ཝེ་སོགས་སུ་ཚོགས་པ་སྣེ་ཁྲིད་ཀྱིས་རྒྱལ་སྤྱིའི་རིག་དཔྱད་ཚོགས་འདུར་ཚོགས་བཞུགས་དང་རིག་གཞུང་སྤེལ་རིས་ཀྱི་མཛད་ཆེན་ཁུར་དུ་བཞེས་མྱོང་ཡོད། ཁོང་གི་བརྩམས་སྒྲུང་ལས་《ན་གཞོནརྩེན་པའི་ཟློས་གར་》ཞེས་པར་ལྗོངས་དང་ཞིང་ཆེན་ལྔའི་རིག་རྩལ་གསར་གཏོད་ཀྱི་བྱ་དགའ་ཡང་ཐོབ་ཡོད། ཁོང་གིས་ཡིག་སྒྱུར་ཞུ་དག་གནང་བའི་རིག་པའི་གཞུང་ལུགས་ཀྱི་གསུང་རྩོམ་གྲས་སུ་ལེ་ཉིན་དང་། སི་ཌ་ལིན། མའོ་ཙི་ཏུང་། ལིའུ་ཧྲོའོ་ཆི། ཀྲའུ་ཨེན་ལེ། ཏེང་ཞོའོ་ཕིང་སོགས་ཀྱི་གསུང་རྩོམ་པོད་བཅུ་ཕྲག་ཡོད། རྩོམ་རིག་ཐད་ཀྱི་སྒྱུར་རྩོམ་པ་མཁས་དབང་གཞན་དང་ལྷན་དུ་བསྒྱུར་གནང་བའི་གྲས་སུ་《གནམ་བདེ་སྒོ་མོའི་སྙན་ཚིག་ངོ་བཤུས་》དང་《ཆུ་ངོགས་གཏམ་རྒྱུད་》རྒྱས་པ་སོགས་ཡོད་པ་དང་། ཁོང་སྐུ་སྒེར་གྱིས་བསྒྱུར་གནང་བའི་《ཁང་ཆེན་དམར་པོའི་མི་ལམ་》དེ་ཉིད་བོད་ཡིག་ཏུ་ཕབ་བསྒྱུར་མཛད་ཆེད་ལུས་སེམས་ཀྱི་ངལ་བ་ཡོངས་སུ་བཏང་སྟེ་སྒོ་གསུམ་རྩེ་གཅིག་ཏུ་བསྒྲིམས་པར་མཛད་ནས་སྒྱུར་རྩོམ་སྔོན་མེད་ངོ་མཚར་ཅན་བསྒྲུན་ཟླ་བྲལ་བ་འདི་ཉིད་འཇོག་གནང་མཛད་པར་དཔྱོད་ལྡན་ཀུན་ནས་བསྔགས་བརྗོད་མཛད་པ་དང་མཛས་སུས་ཡིན་པ་དེ་ནི་ཕྱི་རབས་པ་བཞག་པའི་རིག་རྩལ་དང་སྒྱུར་རྩོམ་གྱི་ནོར་རྫས་བླ་ན་མེད་པ་ཞིག་ཡིན་པ་དེ་ནི་ཁོང་གི་ལོ་ཙཱའི་ཁྱད་པར་མཚོན་པའི་སྒྱུར་རྩོམ་ཕུལ་དུ་བྱུང་བ་ཞིག་ཡིན། མཁས་དབང་དེ་ཉིད་ཀྱིས་རང་རིགས་ཀྱི་ཤེས་རིག་གོང་དུ་སྤེལ་བའི་མཛད་ཆེན་ཁུར་དུ་བཞེད་མུར་ཤིང་ཕག་(༡༩༩༥)ལོའི་ཟླ་༡ཚེས་༢༤ཉིན་པེ་ཅིང་དུ་སྐུ་ཚེའི་འཕེན་པ་རྫོགས།
- language:
- Tibetan
2. Thupten Phuntsok Dictionary
མཁས་དབང་བསོད་ནམས་དཔལ་འབྱོར་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ༡༩༣༢ལོའི་ཟླ་བ༡༢པར་ལྷ་ལྡན་དུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ཙམ་ལ་ལྡན་གཡུ་ཐོག་བཙན་ཁང་སྒེར་གཉེར་སློབ་གྲྭར་ཡི་གེའི་འབྲི་ཀློག་དང་། དག་ཡིག ལེགས་བཤད། གཞུང་ཡིག་འབྲི་ཀློག་དང་། རྩིས་སོགས་ཀྱི་རྨང་གཞིའི་རིག་གནས་ཀྱི་སློབ་གཉེར་མཛད། དེ་ནས་ལོ་བཞི་ཙམ་རིང་ལ་གང་དེའི་ཡབ་ཀྱི་ཕྱག་ཕྱིར་འབྲངས་ནས་ཆབ་མདོ་དང་ཆུ་ཤུལ་སོགས་སུ་བཤེས་གཉེན་ཟུར་བསྟེན་གྱིས་ཡིག་རྩིས་ཀྱི་སྦྱངས་པ་མ་ཆད་པར་བསྐྱངས། དགུང་ལོ་བཅུ་དྲུག་ནས་བཟུང་ལྷ་ལྡན་རང་དུ་གངས་ལྗོངས་རིག་པའི་གནས་ལ་སྨྲ་པའི་ཁྱུ་མཆོག་སྨིན་གླིང་བློ་གྲོས་ཆོས་བཟང་དང་། ཨ་ལག་རིན་པོ་ཆེ། ཚ་སྤྲུལ་ངག་དབང་བློ་བཟང་། རྡོ་རྗེ་རྒྱལ་པོ་སོགས་ཀྱི་ཞབས་པད་སྤྱི་བོར་བསྟེན་ནས་སུམ་རྟགས་སྙན་གསུམ་དང་། བོད་ཀྱི་གསོ་རིག་རྒྱལ་རབས་ཆོས་འབྱུང་། ཚད་མ་རིག་པ། མདོ་ཕྱོགས་གཞུང་ལུགས་སོགས་ལ་ཐོས་བསམ་རྒྱ་ཆེན་མཛད་ནས་མཁྱེན་པ་ཡངས་པར་གྱུར། ཕུལ་དུ་བྱུང་བའི་རྩོམ་ཧ་ཅང་མང་ཞིང་། ལྷག་པར་དུ་རྒྱའི་གནའ་རབས་ཀྱི་སྒྲུང་རྩོམ་གྲགས་ཅན་ཁང་ཆེན་དམར་པོའི་རྨི་ལམ》དེབ་དང་བོད་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས། ཤིང་ཕག་སྤྱི་ལོ་༡༩༩༥ལོར་ཟླ་༡ཚེས་༢༤ཉིན་པེ་ཅིན་དུ་སྐུ་གཤེགས།
- language:
- Tibetan