- lha btsun dar rgyas no mon han
- ID:
- T247167
- ལྷ་བཙུན་དར་རྒྱས་ནོ་མོན་ཧན (Tibetan, Tibetan script, Original)
- > lha btsun dar rgyas no mon han (Tibetan, Latin script, Transliteration-THL Extended Wylie Transliteration)
- > lha tsün dargyé no mön hen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཨ་ལག་ཤ་མཁན་པོ་སྐུ་ཕྲེང་དང་པོ་འདི་ཉིད་ལ་མཚན་གཞན་ཐོ་ཡོན་ནོ་མོན་ཧན་དང། ལྷ་བཙུན་ངག་དབང་རྡོ་རྗེ། ལྷ་བཙུན་ལྷུན་གྲུབ་དར་རྒྱས། ལྷ་བཙུན་པཎྜི་ཏ་སོགས་སུ་འབོད། རྗེ་འདི་ཉིད་ཨ་ལག་ཤའི་ཤིང་ཀུན་ཏ་ལེ་ཙབ་བུར་ཨོ་སུ་ཟེར་བའི་ཡུལ་དུ་ཡབ་བཛྲ་ཐེ་ཅིདང་ཡུམ་རྣམ་འཇོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག(༡༧༡༥)ལོར་སྐུ་འཁྲུངས། དགུང་ལོ་གཉིས་ཀྱི་སྟེང་རྒྱལ་དབང་ཚངས་དབྱངས་པ་མཆོག་ཨ་ལག་ཤར་བྱོན་སྐབས་ཐུགས་བརྩེ་བ་ཆེན་པོས་སྡེ་སྲིད་སངས་རྒྱས་པའི་སྐུ་སྐྱེར་ངོས་བཟུང་མཛད། ཆུང་དུས་ནས་རྗེ་ཚངས་དབྱངས་པ་མཆོག་གི་གམ་བཅར་དུ་འཇོག་གནང་མཛད་ཅིང་ཐུགས་ཀྱི་སྲས་གཅིག་ཏུ་བསྐྱངས། རྒྱལ་བའི་དྲུང་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་གནོས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེ་མཛད་པས་རྗེ་ཉིད་ཀྱི་ཐུགས་སྲས་སུ་གྱུར། དགུང་ལོ་ཉི་ཤུའི་སྟེང་རྗེ་འདི་ཉིད་ཀྱི་བཀའ་དགོངས་ལྟར་དབུས་སུ་སློབ་གཉེར་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་གནོས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ལོ་གསུམ་ནས་རང་ཡུལ་དུ་ཕྱིར་ཕེབས་རྗེས་རྗེ་ཚངས་དབྱངས་པའི་དྲུང་དུ་མཆོད་གཡོག་ཞབས་ཕྱི་སྒྲུབས་ཅིང་ཆོས་བཀའ་མནོས། རྗེ་ཚངས་དབྱངས་པ་སྐུ་གཤེགས་རྗེས་སླར་ཡང་འབྲས་སྤུངས་དགོན་པར་ཕེབས་ནས་ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་གཞུང་ལ་གསན་བསམ་རྒྱ་ཆེར་གནང་ཞིང་ལྷ་རམས་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་རྒྱས། རྒྱལ་དབང་བདུན་པས་ཨ་རི་ལུག་སན་ཨེར་ཏི་ནི་ནོ་མོན་ཧན་གྱི་ཆོ་ལོ་བསྩལ་ཅིང། རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཛད། དེ་ནས་བཟུང་སྟེ་འདི་པའི་འཁྲུངས་རྒྱུད་རིམ་བྱོན་ལ་ཨ་ལག་ཤ་མཁན་པོ་ཞེས་ཀྱང་འབོད། ཐུའུ་བཀྭན་རིན་པོ་ཆེས་ལྷ་བཙུན་པཎྜི་ཏ་ཞེས་བསྔགས་བརྗོད་རྒྱ་ཆེར་མཛད། དུས་ཕྱིས་རྒྱལ་དབང་བཅུ་གསུམ་པས་རྗེ་འདི་པའི་གསུང་རྩོམ་གཟིགས་ནས་ཐུགས་དགྱེས་ཤིང་པཎྜི་ཏའི་ཆོ་ལོ་བསྩལ། གསུང་རྩོམ་ལ་མཚོན་ན། 《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར》དང། 《འཕྲུལ་འཁོར་ལྕགས་མཁར་སྦྱིན་སྲེག་སྐོར》སོགས་ཀྱི་ཡིག་ཆ་མང་དུ་མཆིས། སྐུ་ཚེའི་མཇུག་ཏུ་ཨ་ལག་ཤ་ཝང་དང་འགལ་བ་བྱུང་ནས་བཙོན་དུ་ལྷུང་སྐབས་གསུང་རྩོམ་མང་པོ་ཞིག་ཐུའུ་བཀྭན་གྱིས་བདག་སྐྱོང་མཛད་པར་གྲགས། ཚངས་དབྱངས་པ་སྐུ་གཤེགས་ཁར་དཔའ་རིས་ཡར་ལུང་དགོན་པ་སྐྱོང་བའི་འཁུར་གཏད་པས། ཡར་ལུང་གི་མཁན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཚུལ་བཞིན་དུ་བསྐྱངས། རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་རྗེ་ངག་དབང་ལྷུན་གྲུབ་དར་རྒྱས་པས་ཨ་ལག་ཤར་ཆོས་སྡེ་ཆེན་པོ་པཱ་རིང་ཁེ་དགོན་པ་ཕན་བདེ་རྒྱ་མཚོའི་གླིང་ངམ་དགའ་ལྡན་བསྟན་རྒྱས་གླིང་བཏབ། ཚངས་དབྱངས་པའི་སྤྲུལ་སྐུ་བཙལ་ཅིང་གདན་སར་བཀོད། སྤྲུལ་སྐུ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས། བོད་སོག་ཀྱི་ཡུལ་དུ་བསྟན་སྲིད་ཀྱི་འཕྲིན་ལས་རྒྱས་ཤིང་མཚན་སྙན་ཆེ་བས། ཝང་གི་སྐུ་འཁོར་གྲས་ཀྱི་ནག་ཕྱོགས་པ་སྐོར་ཅིག་ཕྲག་དོག་དང་སྡང་སེམས་ཀྱིས་ཕྲ་མ་བཅུག་པས་རྗེ་ཉིད་བཙོན་དུ་བཙུད་ནས་དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི(༡༧༨༠)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
ཨ་ལག་ཤ་མཁན་པོ་སྐུ་ཕྲེང་དང་པོ་འདི་ཉིད་ལ་མཚན་གཞན་ཐོ་ཡོན་ནོ་མོན་ཧན་དང་། ལྷ་བཙུན་དང་ངག་དབང་རྡོ་རྗེ། ལྷ་བཙུན་ལྷུན་གྲུབ་དར་རྒྱས། ལྷ་བཙུན་པཎྜི་ཏ་སོགས་སུ་འབོད། རྗེ་འདི་ཉིད་ཨ་ལག་ཤའི་ཤིང་ཀུན་ཏ་ལེ་ཙབ་བུར་ཨོ་སུ་ཟེར་བའི་ཡུལ་དུ་ཡབ་བཛྲ་ཐེ་ཅི་དང་ཡུམ་རྣམ་འཇོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག (༡༧༡༥) ལོར་སྐུ་འཁྲུངས། དགུང་ལོ་གཉིས་ཀྱི་སྟེང་རྒྱལ་དབང་ཚངས་དབྱངས་པ་མཆོག་ཨ་ལག་ཤར་བྱོན་སྐབས་ཐུགས་བརྩེ་བ་ཆེན་པོས་སྡེ་སྲིད་སངས་རྒྱས་པའི་སྐུ་སྐྱེར་ངོས་འཛིན་མཛད། ཆུང་དུས་ནས་རྗེ་ཚངས་དབྱངས་པ་མཆོག་གིས་གམ་བཅར་དུ་འཇོག་གནང་མཛད་ཅིང་ཐུགས་ཀྱི་སྲས་གཅིག་ཏུ་བསྐྱངས། རྒྱལ་བའི་དྲུང་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེ་མཛད་པས་རྗེ་ཉིད་ཀྱི་ཐུགས་སྲས་སུ་གྱུར། དགུང་ལོ་ཉི་ཤུའི་སྟེང་རྗེ་འདི་ཉིད་ཀྱི་བཀའ་དགོངས་ལྟར་དབུས་སུ་སློབ་གཉེར་དུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ལོ་གསུམ་ནས་རང་ཡུལ་དུ་ཕྱིར་ཕེབས་རྗེས་རྗེ་ཚངས་དབྱངས་པའི་དྲུང་དུ་མཆོད་གཡོག་ཞབས་ཕྱི་སྒྲུབ་ཅིང་ཆོས་བཀའ་མནོས། ཝང་གི་སྐུ་འཁོར་གྲས་ཀྱི་ནག་ཕྱོགས་པ་སྐོར་ཅིག་ཕྲག་དོག་དང་སྡང་སེམས་ཀྱིས་ཕྲ་མ་བཅུག་པས་རྗེ་ཉིད་བཙོན་དུ་བཙུད་ནས་དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི (༡༧༨༠) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan