Skip to main content Skip to search
dge 'dun chos 'phel/
ID:
T32598
  • དགེ་འདུན་ཆོས་འཕེལ (Tibetan, Tibetan script, Original)
    • > dge 'dun chos 'phel/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gendün chömpel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

Gendün Chöpel, 1905-1951; ཨ་མདོ་ translator

language:
English

2. Jim Valby Dictionary

proper name

language:
English

3. dung dkar bod rig pa'i tshig mdzod chen mo

མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཡུལ་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་ཞོ་འཕོང་ཞེས་བྱ་བར་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ལྔའི་ཆུ་མོ་ཡོས(༡༩༠༣)ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས(དགུང་ལོ་༥༡ལས་མ་བཞུགས)སྐབས་དེར་རིག་འཛིན་ཆེན་མོ་སྐུ་ཕྲེང་དགུ་པའི་ཡང་སྲིད་ཡིན་པར་ངེས་སོ་ཞེས་གྲགས་པ་ཆེན་པོ་བྱུང་ཡང་ཡབ་ཀྱིས་ཁས་ལེན་མ་གནང༌། དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་གཤེགས་པའི་རྗེས་སུ་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་དགུར་ཕེབས་སྐབས་ཨ་ཁུ་བསྟན་པའི་དྲུང་ནས་ཡི་གེ་བསླབས་ནས་དགུང་ལོ་བཅུ་ནས་བཅུ་གཅིག་བར་དགོན་པ་དེའི་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང༌། སྙན་ངག་སོགས་གསན། དགུང་ལོ་བཅུ་གཉིས་སྟེང་གཙོས་གཏེར་དགོན་གྱི་མདུན་ནས་རྩ་རླུང་འཁྲིད། དགུང་ལོ་བཅོ་ལྔ་ནས་ཞྭ་དམར་པནྡི་ཏའི་གཞིས་དགོན་རྡི་ཚ་དགོན་པར་བཞུགས་ཏེ་རིག་ལམ་གྱི་སྐོར་སོགས་སློབ་གཉེར་མཛད། དེ་ནས་དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བཟུང་སྟེ་མཚན་ཉིད་ཀྱི་རིག་ལ་ཁྱད་པར་སྦྱངས་ཏེ་རྡི་ཚ་དགོན་གྱི་ལ་རྒྱ་བཟུང་སྟེ་བླ་བྲང་གི་དགེ་བཤེས་མཁས་པ་དག་ལ་རྩོད་པ་བྱེད་སྐབས་འཇམ་བཞད་ཀྱི་ཡིག་ཆར་ཡང་ཁས་མ་བཞེས་པའི་རིག་ལམ་ཕྲ་མོ་སུན་འབྱིན་པར་བརྟེན་ཕྱོགས་གཅིག་ནས་མཁས་པའི་སྙན་གྲགས་འཕེལ་བ་དང༌། ཕྱོགས་གཞན་ནས་ཁོང་ལ་མི་སྙན་པའི་ངག་གི་སྡང་ཟུག་ཆེ་ཙམ་ཕོག་པས་བསྐུལ་ནས་བོད་དུ་ཕེབས་དགོངས་གཏད་དེ་དགུང་གྲངས་ཉི་ཤུ་རྩ་ལྔའི་སྟེང་ལྷ་སར་ཕེབས། དེ་ནས་གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོའི་གྲྭ་ཚང་སྒོ་མང་དང༌། ཁང་ཚན་ཀླུ་འབུམ་གྱི་ཐོབ་ཁུངས་སུ་སྒྲིགས་ཞུགས་མཛད་དེ་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོ་སོགས་མཁས་གྲུབ་དུ་མར་བསྟེན་ནས་ཆོས་གྲྭར་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། འབྲས་སྤུངས་སུ་ལོ་བདུན་བཞུགས་ཏེ་གང་ཉིད་དགུང་ལོ་སུམ་ཅུ་སོ་གཉིས་ལ་ཕེབས་པ་ཤིང་ཁྱི(༡༩༣༤)ལོར་རྒྱ་གར་ནས་པཉི་ཏ་ར་ཧུ་ལ་ལྷ་སར་ཕེབས་ཏེ་རྒྱ་གར་དུ་ཡོད་པའི་བཀའ་བསྟན་རྣམས་ཀླ་ཀློས་འཇིགས་ཟིན་པས་དེ་དག་བོད་དཔེའི་ཐོག་ནས་རྒྱ་གར་སྐད་དུ་ཕར་བསྒྱུར་བའི་དགོས་པ་ཁྱད་ཅན་གྱི་དོན་དུ་བོད་ཀྱི་མཁས་པ་ཆེན་པོ་ཞིག་གདན་ཞུ་གནང་འདོད་ཡོད་སྐབས་དགེ་འདུན་ཆོས་འཕེལ་མཆོག་གི་མཁྱེན་དཔྱོད་དང་མཚན་སྙན་གསན་མ་ཐག་ཏུ་གང་གི་ཞབས་ལ་གཏུགས་ཤིང་འཕགས་ཡུལ་དུ་སོ་སྐྲི་ཏ་སྦྱངས་ཏེ་ལོ་ཙཱ་བ་ཞིག་མཛད་དགོས་པའི་བསྐུལ་མ་ཞུས་པར་ཞལ་གྱི་བཞེས། ལོ་དེར་འཕན་ཡུལ་དང༌། རྭ་སྒྲེང༌། གཙང་ཁུལ་སོགས་ལ་གནས་གཟིགས་དང་སྦྲགས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། ཝ་ར་ན་སི་སོགས་ལ་སེསྐྲི་ཏའི་སྐད་ལ་སྦྱངས་མཐར་སིཇ་ལར་སློབ་གྲྭར་ཞུགས་ནས་སིསྐྲི་ཏ་ལ་མཁས་པར་སྦྱངས་ཏེ་པནྡི་ཏའི་མཚན་གྱི་ཅོད་པཎ་བདག་གིར་མ་བཞེས་ཀྱང་གནས་བརྟན་སྡེ་པའི་མདོ<<ཆོས་ཀྱི་ཚིགས་སུ་བཅད་པ>>ལ་སོགས་པ་ཐོགས་མེད་དུ་བསྒྱུར་བར་མཛད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྟག(༡༩༣༨)ལོར་ཧུ་ལ་དང་རྒྱ་གར་བ་རི་མོ་མཁས་པ་གཅིག་དང༌། དཔར་འདེབས་མཁན་གཅིག་བཅས་ལྷན་ཏུ་རྒྱ་གར་ནས་བོད་དུ་ཕེབས་ནས་དཔལ་ས་སྐྱའི་དགོན་པ་སོགས་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་པར་མཛད་དེ་སླར་ཡང་རྒྱ་གར་དུ་ཕྱིར་ཕེབས་གནང༌། རྒྱ་གར་དུ་ཕེབས་རྗེས་དུས་དབང་གིས་ར་ཧུ་ལའི་ཐོག་མའི་བཞེད་པ་དེར་བར་གཅོད་ཀྱི་འགྱུར་བ་བྱུང་ནས་ཕྱག་ལས་ཀྱི་འཕྲོ་བསྐྱངས་མ་ཐུབ། སྐབས་དེར་དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ཨུ་རུ་སུ་རོག་རིས་ཞེས་པ་དེའི་སར་བཞུགས་ཏེ<<དེབ་ཐེར་སྔོན་པོ>>དབྱིན་ཡིག་ཏུ་བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས། དེ་ནས་ཀ་ལི་ཀ་ཏར་ཚན་པ་ཞིག་གི་ནང་དུ་ཕྱག་ལས་གནང་སྟེ་བཞུགས་སྐབས་དེ་དུས་རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པས་དམ་པ་འདི་ཉིད་རྒྱ་གར་གཞུང་ནས་དོགས་གནས་སུ་གྱུར་ཏེ་ཕ་རན་སིར་ཕེབས་དགོངས་ཀྱང་བཀག་སྟེ་ཕེབས་མ་ཐུབ། ཁྲི་བྱང་རིན་པོ་ཆེ་དང༌། བཀའ་བློན་ཀ་ཤོད་གཉིས་ཀྱིས་ལྷ་སར་ཕྱིར་ལོག་ཕེབས་དགོས་པའི་བསྐུལ་མའི་ཕྱག་བྲིས་འབྱོར་བས་རྐྱེན་ཡང་བྱས་ཏེ་རྩ་བ་དམ་པ་ཉིད་བོད་མི་ལ་ཤེས་རིག་ལོ་རྒྱུས་ཀྱི་ལེགས་སྐྱེས་བཟང་པོ་འབུལ་ལོ་སྙམ་པའི་དགོངས་པ་རྒྱུན་དུ་ཡོད་པས་བོད་ཤིང་བྱ(༡༩༤༥)ལོའི་ནང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཞལ་ཕྱོགས་ཏེ། སྟོད་ལ་དྭགས་ག་ཤའི་རྒྱུད་དང༌། དེ་ནས་རིམ་བཞིན་མོན་རྟ་དབང་བརྒྱུད་ལྷ་སར་ཕེབས། ལྷ་སར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཞིབ་འཇུག་མཛད་དེ་ལྗགས་རྩོམ་མཛད་བཞིན་པའི་མུར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་དེ་སྔའི་བོད་ཀྱི་སྲིད་གཞུང་ལ་ངན་སྐུལ་བྱས་ནས་མ་ཉེས་ཁ་གཡོགས་ཀྱིས་བོད་མེ་ཁྱི(༡༩༤༦)ལོའི་ཧོར་ཟླ་བཞི་པའི་ནང་ཙམ་ལ་གློ་བུར་འཛིན་བཟུང་གིས་ཁྲིམས་གཅོད་བྱས་ཐོག་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང(༡༩༤༩)ལོར་བཙོན་གྲོལ་ཐོབ། ཁོང་ནི་ཤེས་རབ་ཆེ་ཞིང༌། ཐོས་རྒྱ་ཆེ་བ། མདོ་སྔགས་རིག་གནས་གང་ལའང་མཁས་པའི་རྩེར་སོན་པ་ཞིག་ཡིན་ཏེ། ཁོང་གིས་འཆད་རྩོད་རྩོམ་པའི་མཛད་པའི་གྲགས་སྙན་འཛམ་གླིང་དུ་ཁྱབ་ཅིང༌། ད་ལྟ་དམ་པ་དེ་ཉིད་ཀྱིས་རྩོམ་པར་མཛད་པའི་བསྟན་བཅོས་རྣམས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་སྙན་འཇེབས་ལྡན་ཞིང་ཉམས་འགྱུར་གྱིས་ཕྱུག་པ་དུ་མ་ཡོད་ཅིང༌། དཔེ་ཐོ་ལག་སོན་བྱུང་བ་ངོ་སྤྲོད་ཞུ་ན<<རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མ>>དང༌། <<བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ>><<སིང་ག་ལའི་ལམ་ཡིག>><<རྒྱལ་པོ་ར་མ་ཎའི་རྟོགས་བརྗོད>><<བྱ་ལེན་མའི་རྟོགས་བརྗོད>>ནག་མོའི་ཁོལ་གྱིས་མཛད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ<<སྒྲའི་ཟིན་བྲིས>><<གངས་རིའི་སྐོར>><<ཞང་དགའ་བའི་བློ་གྲོས་ལ་དྲིས་ལན>><<རྟུལ་ཆུང་དཔྱད་པའི་སྐོར>><<དབུ་ཚད་དཀའ་བའི་གནད>><<ལུ་བྱེད་མཐའ་དཔྱད>><<འདོད་པའི་བསྟན་བཅོས>><<རྡི་ཚསྐམ་པོས་ཕུལ་བའི་ཞུ་ཡིག>><<རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག>>སྔ་རྗེས་གཉིས། <<ཀེ་ཏ་ཀ་སོགས་ཀྱི་བཤད་པ>><<ཞབས་བརྟན་འཆི་མེད་དབྱངས་སྙན>><<ལེགས་ལྡན་ནག་པོའི་གླུ>><<རང་བཞིན་གསུམ་ངེས་པ>><<གཏམ་གྱི་ཚོགས་ཉིན་མཚན་བདུན་པ>><<སིང་ག་ལའི་གནས་བརྟན་སྡེ་པའི་མདོ་རྙརྨ་པ་དཱ་ཞེས་བྱ་བ>>ཆོས་ཀྱི་ཚིགས་སུ་བཅད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། <<ལེགས་སྦྱར་བང་མཛོད>>སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་རྣམས་སོ། (<<ཀླུ་སྒྲུབ་དགོངས་རྒྱན>>ཟེར་བ་དེ་ནི་དགེ་འདུན་ཆོས་འཕེལ་རང་ཉིད་ཀྱི་གསུང་རྩོམ་ངོ་མ་ཡིན་མིན་སྐོར་དེང་སྐབས་རྩོད་གཞི་ཆེ་བས་འདིར་གསུང་རྩོམ་གྲས་སུ་བཀོད་མེད་ལགས)ཁོང་ནི་རྟོགས་པ་མཐོན་པོ་ཡོད་པ་དང༌། སྔོན་སྦྱངས་ཀྱི་བག་ཆགས་བཟང་པོ་ཡོད་པ། སྐུ་ན་ཆུང་ངུའི་དུས་ནས་མ་འོང་སྔོན་གཟིགས་ལྟ་བུ་ཐོག་རྒྱག་ཏུ་གསུང་གི་ཡོད་པ། ཕྱི་ནང་གི་ཤེས་བྱའི་གནད་གང་འདྲ་ཞིག་ཡིན་ཀྱང་གཟིགས་པ་ཙམ་གྱི་མྱུར་བར་མཁྱེན་རྟོགས་ཐུབ་པའི་ངོ་མཚར་ཁྱད་ཆོས་ཧ་ལས་པ་ཡོད་པ་ཞིག་ཀུན་གྱི་མཐུན་སྣང་དུ་ཡོད་ཅིང༌། དཔེར་ན་བཙོན་ཁང་དུ་མ་བཅུག་གོང<<དེབ་ཐེར་དཀར་པོ>>རྩོམ་འབྲི་གནང་བཞིན་པའི་སྐབས་སུ་ཁོང་གིས་ངར་བར་ཆད་ཅིག་ཡོད་ཅེས་རྟག་ཏུ་གསུངས་པ་དང་བཙོན་ལས་གྲོལ་རྗེས་དགའ་རུ་ཤར་དུ་བཞུགས་སྐབས་སྐུ་གཟུགས་ཧ་ཅང་ཞན་ཀྱང་སློབ་ཁྲིད་དང༌། བཀའ་རྩོམ་སོགས་རྒྱུན་མར་གནང་གི་ཡོད། དེ་ནས་བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཁོང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྲང་ཅིན་ཨུའི་གམ་བཅར་ལས་བྱེད་ཞིག་ལ་སྡེ་པ་གཞུང་གིས་ང་འདི་འདྲ་བཟོ་དགོས་དོན་གུང་ཁྲན་ཏང་དམར་པོ་རེད་ཟེར་བྱུང;'ཞེས་ཀྱང་ཞུ་བ་གནང་ཞིང་ལོ་དེ་གའི་ནང་དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་པའི་བཅུ་དྲུག་པའི་ལྕགས་ཡོས(༡༩༥༡)ལོའི་ཧོར་ཟླ་བརྒྱད་པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ།

language:
Tibetan

4. Thupten Phuntsok Dictionary

མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཡུལ་ནི་མདོ་སྨད་རེབ་གོང་ཞོ་འཕོང་ཞེས་བྱ་བར་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་སྐྱེས། རབ་བྱུང་བཅོ་ལྔའི་ཆུ་མོ་ཡོས (༡༩༠༣) ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས (དགུང་ལོ་༥༡ལས་མ་བཞུགས) སྐབས་དེར་རིག་འཛིན་ཆེན་མོ་སྐུ་ཕྲེང་དགུ་པའི་ཡང་སྲིད་ཡིན་པར་ངེས་སོ་ཞེས་གྲགས་པ་ཆེན་པོ་བྱུང་ཡང་ཡབ་ཀྱིས་ཁས་ལེན་མ་གནང་། དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་གཤེགས་པའི་རྗེས་སུ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་དགུར་ཕེབས་སྐབས་ཨ་ཁུ་བསྟན་པའི་དྲུང་ནས་ཡི་གེ་བསླབས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་། སྙན་ངག་སོགས་གསན། དགུང་ལོ་བཅུ་བདུན་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་སོགས་མཚད་ཉིད་ཀྱི་རིག་ལ་ཁྱད་པར་སྦྱངས། དགུང་གྲངས་ཉི་ཤུ་ལྔའི་སྟེང་ལྷ་ས་འབྲས་སྤུངས་ཕེབས་ཏེ་དགེ་བཤེས་རབ་རྒྱ་མཚོ་སོགས་མཁས་གྲུབ་དུ་མར་བསྟེན་ནས་ཆོས་གྲྭར་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་པའི་བཅུ་དྲུག་པའི་ལྕགས་ཡོས་དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ། །

language:
Tibetan

5. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1903 ལོར་[319]མདོ་སྨད་རེབ་ཀོང་ཞོ་འཕོང་ཡུལ་དུ་ཡབ་ཨ་ལགས་རྒྱལ་པོ་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་ལོ་སྟེ་སྦྱི་ལོ 1951 ལོར་ལྷ་སར་སྐུ་གཤེགས། ཆུང་དུས་ནས་བློ་རིག་ཤིན་ཏུ་རྒྱས་པས་རྡོར་གྲགས་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་གཡའ་མ་བཀྲ་ཤིས་འཁྱིལ་དགོན་པར་རྒྱུན་སྡོད་མཛད་ནས་སུམ་རྟགས་དག་བཅས་ལ་སྦྱངས་པར་མཛད། དགུང་ལོ་བཅོ་ལྔ་ཙམ་ལ་ལྡེའུ་ཚ་དགོན་དུ་ཕེབས་ནས་ཞྭ་དམར་པཎྜི་ཏ་ལས་མཚན་ཉིད་སོགས་ཀྱི་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་པར་མཁན་ཆེན་སྐུ་ཕྲེང་དྲུག་པ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་ཞེས་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་ངོ་བཅུ་ཙམ་རིང་དུ་ཚད་མ་དང་ཕར་ཕྱིན་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་ཉེར་ལྔ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ལ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། དགུང་ལོ་སུམ་ཅུ་པར་རྒྱ་གར་གྱི་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ཝ་ར་ཎཱ་སི་སོགས་སུ་ཕེབས་ནས་ལེགས་སྦྱར་གྱི་སྐད་ལ་སྦྱངས། དེ་ནས་སིང་ག་ལར་ཕེབས་ནས་སཾ་སྐྲྀ་ཏའི་སློབ་གྲྭ་ཆེན་མོར་ལོ་གཅིག་ལྷག་ཙམ་སློབ་གཉེར་མཛད་པས་མཁས་པའི་ཡང་རྩེར་སོན། དེ་ནས་པཎྜི་ཏ་ར་ཧུ་ལ་དང་མཉམ་དུ་བོད་ལ་ཕེབས་ནས་ཡུན་རིང་མ་བཞུགས་པར་སླར་རྒྱ་གར་དུ་ཕེབས་ཏེ་ལོ་གསུམ་བཞུགས། དགུང་ལོ་ཞེ་གཉིས་པར་ཁྲི་[320]བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟར་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པ་དང་བཀའ་ཤག་སྲིད་གཞུང་ངན་འབྲེལ་བྱས་ནས་བཙོན་དུ་བཅུག དགུང་ལོ་ཞེ་དྲུག་པར་བཙོན་ཁང་ནང་ནས་བཏང་རྗེས་བློ་གསལ་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད་ནས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི་ད་ལྟ་དཔེ་ཐོ་ཡོད་པར་བལྟས་ན། ཆོས་ཚན་ཉེར་བཞི་བཞུགས་ལ་གྲགས་ཆེ་བ་ནི《ཀླུ་སྒྲུབ་དགོངས་རྒྱན》དང་། 《དེབ་ཐེར་དཀར་པོ》ལྟ་བུ་ཡིན། བསྒྱུར་རྩོམ་ནི་《ར་མཱ་ཡ་ཎའི་རྟོགས་བརྗོད》བཅས་ཆོས་ཚན་དགུ་བཞུགས་སོ། །

language:
Tibetan