- rgyal ba tshangs dbyangs rgya mtsho/
- ID:
- T39526
- རྒྱལ་བ་ཚངས་དབྱངས་རྒྱ་མཚོ (Tibetan, Tibetan script, Original)
- > rgyal ba tshangs dbyangs rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyelwa tsangyang gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་སྟེ་ཡབ་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང་། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ལོར་ཟླ་བ་གསུམ་པའི་ཚེས་གཅིག་ཉིན་མཚོ་སྣ་རྫོང་ཁོངས་མོན་ལ་འོག་ཏུ་སྐུ་འཁྲུངས། དགུང་ལོ་དགུ་པར་བྱིས་པ་ངོ་མཚར་ཅན་ཞེས་སྙན་གྲགས་བྱུང་བར་འབྲུག་པས་བདག་གྲབས་བྱས་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞ་ལུ་མཁན་ཆེན་གྱི་ཡང་སྲིད་ཡིན་པ་རྒྱལ་བ་ལྔ་པས་ངོས་འཛིན་གནང་ཚུལ་བཅས་བསྒྲགས་ནས་སྐུ་བདག་བྱས། དགུང་ལོ་བཅོ་ལྔ་པའི་མེ་གླང་སྤྱི་ལོ་༡༦༩༧ལོར་རྒྱལ་བ་ལྔ་པའི་ཡང་སྲིད་ཡིན་པ་དྲིལ་བསྒྲགས་དང་ཁྲི་སྟོན་བཅས་མཛད། དགུང་ལོ་ཉེར་ལྔ་པའི་མེ་ཕག་སྤྱི་ལོ་༡༧༠༧ལོར་རྒྱ་ནག་ནས་མན་ཇུ་གོང་མས་མངགས་པའི་གསེར་ཡིག་པས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་རྒྱ་ནག་ཏུ་གདན་དྲངས་པའི་ལམ་བར་ཨ་མདོའི་ཡུལ་གྱི་སྟོང་རུ་མཚོ་ནག་འབྱོར་སྐབས་གསོལ་མགྲོན་གཉིས་དང་། རྒྱ་ནག་གི་གསེར་ཡིག་པ་མ་གཏོགས་གཞན་སུས་ཀྱང་མི་ཤེས་པར་བྱས་ཏེ་བྱ་བྲལ་དབུལ་པོའི་རྣམ་པས་ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམས་ཚུལ་རྣམ་ཐར་ཏམྦུ་རའི་རྒྱུད་མང་》ལས་གསལ་བ་ལྟར་རོ། དགུང་ལོ་སོ་གཅིག་པའི་ཆུ་སྦྲུལ་ལོ་སྤྱི་ལོ་༡༧༡༣ལོར་རྒྱ་གར་བྱ་རྒོད་སྤུངས་རིར་གནས་མཇལ་ཕེབས། དགུང་ལོ་སོ་གསུམ་པའི་ཤིང་ལུག་སྤྱི་ལོ་༡༧༡༥ལོར་སྤྲང་ཆས་སྤྲས་ནས་འབྲས་སྤུངས་སུ་ཆོས་མཇལ་ཕེབས། དེའི་ཕྱིར་ལོ་མེ་སྤྲེལ་ལོར་མདོ་སྨད་བརྒྱུད་ཨ་ལག་ཤ་རུ་ཕེབས། ཡུལ་དེར་རྗེ་འདིའི་རྣམ་ཐར་རྩོམ་པ་པོ་ཨ་རེ་ལུག་སེན་ངག་དབང་ལྷུན་གྲུབ་དར་རྒྱས་སམ། མིང་གཞན་ལྷ་བཙུན་ངག་དབང་རྡོ་རྗེ་ཞེས་པ་དེ་ལོ་ངོ་གཉིས་སོན་པའི་བྱིས་པ་ཞིག་ཡོད་པ་དེ་ལ་ཐུགས་བརྩེ་ཆེན་པོས་བདག་སྐྱོང་གནང་བའི་ཚུལ་མཛད། དེ་ནས་རྒྱ་ནག་གནས་ཆེན་ཁག་ལ་གནས་སྐོར་ཕེབས། དགུང་ལོ་ཞེ་ལྔ་པའི་མེ་ལུག་སྤྱི་ལོ་༡༧༢༧ལོར་བྲག་སྒོ་དགོན་པ་བཏབ། དགོན་དེའི་མིང་གཞན་ཇག་རུང་ཐོས་བསམ་དར་རྒྱས་གླིང་ཞེས་ཟེར། དགུང་ལོ་ཞེ་དགུ་པའི་ལྕགས་གླང་སྤྱི་ལོ་༡༧༣༡ལོར་དགོན་པ་དེ་ཡོངས་སུ་གྲུབ། གནས་དེར་བཞུགས་ནས་བསྟན་འགྲོའི་དོན་བསྐྱངས་ཞིང་། མཚན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ་ཞེས་བསྒྱུར་ནས་བཞུགས། དགུང་ལོ་ང་བདུན་པའི་ས་ལུག་སྤྱི་ལོ་༡༧༣༩ལོར་ཨ་ལག་ཤ་རུ་སྨོན་ལམ་ཆེན་མོ་འཚོགས་སྲོལ་བཙུགས། དགུང་ལོ་ང་ལྔ་པའི་ལྕགས་བྱ་སྤྱི་ལོ་༡༧༤༡ལོར་ཨེ་ཁེ་ཆོས་རྗེ་གཙོས་སྦྱིན་དབག་མང་པོས་གདན་ཞུས་དང་། འབུལ་བ་ཚད་མེད་འབྱོར། སོག་པོ་དཔོན་རིགས་མང་པོའི་དབུ་བླར་གྱུར། དགུང་ལོ་རེ་བཞི་པའི་མེ་སྟག་སྤྱི་ལོ་༡༧༤༦ལོར་ཟླ་བ་ལྔ་པའི་ཚེས་བརྒྱུད་ཉིན་སྐུ་གཤེགས།
- language:
- Tibetan