Skip to main content Skip to search
dol po pa shes rab rgyal mtshan/
ID:
T93476
  • དོལ་པོ་པ་ཤེས་རབ་རྒྱལ་མཚན (Tibetan, Tibetan script, Original)
    • > dol po pa shes rab rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dölpo pashé rapgyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1292 ལོར་གཙང་སྟོད་མངའ་རིས་དོལ་པོ་གྲུ་གསུམ་གྱི་ནང་ཚན་སྤུ་མདོར་ཡབ་ནམ་སྟོན་ཡེ་ཤེས་དབང་ཕྱུག་དང་། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1361 ལོར་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ཤེས་རབ་མགོན་ཞེས་གསོལ། སྐུ་གཞོན་ནུའི་དུས་ནས་ཡབ་ཡུམ་གྱི་མདུན་ལས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་པར་གསང་སྟབས་ཀྱིས་སྐྱི་སྟེངས་དགོན་དུ་ཕེབས་ཏེ་མཁན་པོ་ཚུལ་ཁྲིམས་སྙིང་པོ་ལས་རབ་བྱུང་ཞུས་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། སྐྱི་སྟོན་འཇམ་དབྱངས་ལས་གསང་སྔགས་ཀྱི་སྡོམ་པ་བླངས་ཤིང་དབང་ལུང་ཡང་མང་པོ་ཞུས། མཁས་ཆེན་བྱང་ཆུབ་སེང་གེ་དང་སྟག་ཤམ་པ་ཚུལ་ཁྲིམས་བཟང་པོ་གཉིས་ལས་རྙིང་ཆོས་མང་པོ་གསན། དགུང་ལོ་བཅུ་དགུ་པར་[836]སྐུ་ངལ་ཆེན་པོ་མྱོང་ནས་གློ་བོ་བསམ་རྫོང་དུ་ཕེབས་ཏེ་སྐྱི་སྟོན་གྲགས་པ་རྒྱལ་མཚན་ལས་ཟླ་གཅིག་རིང་གསན་སྦྱོང་མཛད། དེ་ནས་ས་སྐྱར་ཕེབས་ནས་སློབ་དཔོན་ཤེས་རབ་བཟང་པོ་དང་ཉི་ཕུ་པ་གཞོན་ནུ་བཟང་པོ་གཉིས་ལས་ཚད་མ་དང་། མཁན་པོ་བློ་གྲོས་བསྟན་པ་ལས་ཕར་ཕྱིན། བླ་མ་འཇམ་པའི་དབྱངས་ལས་བྱམས་ཆོས་སྡེ་ལྔ། དབུ་མ་རིགས། བསྟོད་ཚོགས། གཏམ་ཚོགས། དབང་ལུང་རྗེས་གནང་བཅས་ལོ་བཞི་རིང་འབད་པ་ཆེན་པོས་སྦྱངས་པས་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཐུགས་སུ་ཆུད། དགུང་ལོ་ཉེར་གསུམ་པར་དབུས་གཙང་དུ་གྲྭ་སྐོར་ཕེབས། མཁན་པོ་བསོད་ནམས་གྲགས་པ་ལས་དགེ་སློང་གི་སྡོམ་པ་མནོས། རྣལ་འབྱོར་པ་ནག་འབུམ་ལས་ཞི་བྱེད་དང་གཅོད། རྫོགས་ཆེན་སྙན་བརྒྱུད་སོགས་ཞུས། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་ཕེབས། ཆོས་རྗེ་ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་སོགས་ཟབ་ཆོས་མང་དུ་ཞུས། དགུང་ལོ་སོ་བཞི་པར་ཇོ་ནང་པའི་གདན་སར་ཕེབས། མདོ་སྔགས་ཀྱི་འཆད་ཉན་མཛད་དེ་ཇོ་ནང་པའི་ལྟ་བའི་གཞི་བཏིངས། དགུང་ལོ་སོ་དགུ་པར་མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་རྨང་བཏིང་ནས་ལོ་བཞིའི་རིང་ལེགས་པར་གྲུབ་སྟེ་རབ་གནས་མཛད། དགུང་ལོ་ཞེ་ལྔ་པར་ས་སྐྱ་དང་། ཆུ་བཟང་། ལྷ་རྩེ་རྫོང་། ཤངས། སྣར་ཐང་སོགས་སུ་ཕེབས་ནས་སྐུ་མཚམས་བཞུགས་པ་དང་རྟེན་ངོ་མཚར་ཅན་མང་པོ་བཞེངས། དགུང་ལོ་ང་གཅིག་པར་གོང་མས་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་བདུན་པར་རྟ་ནག་རི་ཁུད་པས་གདན་དྲངས་པར་བརྟེན་རྟ་ནག་ཏུ་[837]ཕེབས་ཏེ་ལོ་གཅིག་རིང་འཆད་ཉན་མཛད། དེ་ནས་དབུས་སུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། མདོར་ན་ཁོང་གི་སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཇད་དེ་མཁས་པའི་གྲགས་པ་རྒྱ་བོད་ཡུལ་གྲུ་ཀུན་ཏུ་ཁྱབ། ཁོང་གི་གསུང་རྩོམ་ནི་དུས་ཀྱི་འཁོར་ལོའི་སྐོར་ལ་བསྟན་བཅོས་སུམ་ཅུ་སོ་བརྒྱད། གྲུབ་མཐའི་སྐོར་ལ་བསྟན་བཅོས་བཅུ་དྲུག ཕར་ཕྱིན་སྐོར་ལ་བསྟན་བཅོས་བདུན། གསོལ་འདེབས་སྐོར་ལ་ཉེར་ལྔ། རྡེ་རྗེ་ཕྲེང་བའི་སྐོར་ལ་གསུམ། སྤྲིང་ཡིག་སྐོར་ལ་བརྒྱད། གདམས་ངག་དང་དྲིས་ལན་སྐོར་ལ་བཅུ་གཉིས། རྣམ་ཐར་སོགས་ཀྱི་སྐོར་ལ་བཅུ་དྲུག སྨོན་ལམ་སྐོར་ལ་གསུམ། བཀྲ་ཤིས་སྐོར་ལ་བཞི་བཅས་ཁྱོན་བསྡམས་བསྟན་བཅོས་ཆིག་བརྒྱ་བདུན་ཅུ་དོན་བཞི་ཡོད་པར་བཤད། འོན་ཀྱང་ད་ལྟ་མི་རིགས་རིག་གནས་ཕོ་བྲང་དུ《རི་ཆོས་ངེས་དོན་རྒྱ་མཚོ》པོད་གཅིག་མ་གཏོགས་བཞུགས་མེད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ལོ་ཙཱ་བ་བློ་གྲོས་དཔལ་བཟང་དང་། ས་བཟང་མ་ཏི་པཎ་ཆེན། དཀོན་མཆོག་རྒྱལ་མཚན། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བཅས་ཡིན།

language:
Tibetan